ཉེ་ཆར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་རྩ་ཆེའི་དཔེ་རྙིང་ཁག་དང་པོ“སྤྲིན་ཚོམ་མཉམ་སྤྱོད”དྲ་རྒྱར་གཏོང་བའི་ཚོད་ལྟ་བྱེད་འགོ་ཚུགས་པ་ལས། བོད་ཀྱི་དཔེ་རྙིང“སྤྲིན་ཚོམ་ནས་ལྟ་ཀློག”བྱེད་པའི་དུས་རབས་སུ་སླེབས་པ་མཚོན་ཡོད།

ཚོད་ལྟའི་ངང་བཏང་བའི་དྲ་ཐོག་གི་རྩ་ཆེའི་དཔེ་རྙིང་ཁག་དང་པོར་ཁྱོན་བམ་པོ་50དང་ཤོག་ལྷེ་6581ཡོད་པ་དེ་དག་བོད་ཀྱི་མཁས་དབང་རིམ་བྱོན་གྱི་རྣམ་ཐར་དང་། བོད་ཀྱི་ལོ་རྒྱུས། ས་གནས་ཀྱི་ཆོས་འབྱུང་སོགས་ཀྱི་ནང་དོན་ལྡན་པའི་ཁྲོད། 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར》(བྲིས་མ)དང་། 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རང་རྣམ》(བྲིས་མ) 《སྒྲ་སྒྱུར་མར་པ་ལོ་ཙཱའི་རྣམ་ཐར》(མངའ་རིས་ཀྱི་གུང་ཐང་པར་མ)དང་། 《ས་སྐྱ་པཎྜི་ཏའི་རྣམ་ཐར》(དུས་རབས་བཅུ་བདུན་པའི་པར་མ) 《ཞྭ་ལུ་ལོ་ཙཱ་བའི་རྣམ་ཐར》(མཚལ་པར) 《ས་སྐྱའི་གདུང་རབས་རིན་ཆེན་ངོ་མཚར་བང་མཛོད》(དུས་རབས་བཅུ་བདུན་པའི་པར་མ)《རྒྱ་ནག་ཆོས་འབྱུང》(པར་མ) 《དེབ་ཐེར་སྔོན་མོ》(དུས་རབས་བཅོ་ལྔ་པའི་པར་མ)《བུ་སྟོན་ཆོས་འབྱུང》(པར་མ)སོགས་ཡོད་པ་རེད།

ཉིན་དེར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ད་དུང་དྲ་ཐོག་ནས་པོད་34ཡོད་པའི་རང་སྐྱོང་ལྗོངས་ཀྱི་ཐེངས་དང་པོ། གཉིས་པ། གསུམ་པའི་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་དང་པར་གཞུང《གངས་ལྗོངས་གནའ་དཔེའི་གཏེར་མཛོད་དེ། བོད་རང་སྐྱོང་ལྗོངས་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་དང་པར་གཞུང》ཁྱབ་བསྒྲགས་ཐོག་མ་བྱས་པ་མ་ཟད། བརྙན་ཐུང་གི་ཐོག་ནས《བོད་ཀྱི་དཔེ་རྙིང་ལ་ལྟ་བ་སྟེ། བོད་ཡིག་གི་གནའ་དཔེའི་རྨང་གཞིའི་ཤེས་བྱ》དང་། 《བོད་ཡིག་གི་དཔེ་རྙིང་ལ་ལྟ་བ་སྟེ། བོད་ཡིག་དཔེ་རྙིང་ཉམས་བཟོའི་ལག་རྩལ་དཔེ་སྟོན》སོགས་ཀྱི་ནང་དོན་ཡང་བཏོན་པ་རེད།

ད་བར་བོད་ཀྱིས་དཔེ་རྙིང་གི་ཚད་ལྡན་ཡིག་རིགས་པོད་18000ལྷག་ལ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས་པ་དང་། སྟོངས་ལ་ཉེ་བའི་དཔེ་རྙིང་ཤོག་ལྷེ་3000ཙམ་ཉམས་གསོ་བྱས་པ། དཔེ་རྙིང་བམ་པོ་291རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ནང་བདེ་བླག་ངང་བཅུག་པ། 《གངས་ལྗོངས་གནའ་དཔེའི་གཏེར་མཛོད》སོགས་བོད་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོང་གི་གྲུབ་འབྲས་ལྡན་པའི་དཔེ་ཚོགས་བཅུ་གྲངས་རྩོམ་འབྲི་དང་དཔེ་སྐྲུན་བྱས་པ། གཞི་རིམ་གྱི་དཔེ་རྙིང་ཉར་ཚགས་ཚན་པའི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་14ལེགས་སྒྲུབ་སོགས་བྱས་པ་རེད།

རྩ་གཉིས་ཨང་རྟགས་འདི་བཤེར་ན་དཔེ་རྙིང་མང་པོ་ཞིག་ལྟ་ཐུབ།