བློ་བཟང་ཚེ་རིང་ཞིང་པ་དཀྱུས་མ་ཞིག་ནས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར།
བློ་བཟང་ཚེ་རིང་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། 1998ལོར་ལོ་21ལ་སོན་པའི་བློ་བཟང་ཚེ་རིང་གིས་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞིང་ལས་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས། བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་ཚལ་འདེབས་ལག་རྩལ་སྦྱོང་བར་བསྐྱོད་པ་རེད།
ཁོང་སློབ་གྲྭ་ནས་ཐོན་རྗེས་སློབ་གྲོགས་16དང་མཉམ་དུ་སྒང་བདེ་གླིང་གྲོང་ཚོའི་སྔོ་ཚོད་རྟེན་གཞིར་ལས་ཀ་བྱས་པ་རེད། དེའི་རིང་ཁོང་གིས་མུ་མཐུད་རིགས་གཅིག་རྐང་འཛིན་གྱི་མདུན་ནས་ཚལ་འདེབས་ལག་རྩལ་སྦྱངས་པ་དང་། ལོ་ངོ་བཞི་ཙམ་རིང་། ཁོང་གིས་དགོང་མོ་གཉིད་ཉལ་བའི་དུས་ཚོད་ཕུད་དེ་བྱིངས་དྲོད་ཁང་དུ་ཞིབ་འཇུག་གི་ལས་ལ་གཞོལ་གྱི་ཡོད། དྲོད་ཁང་ནི་ཁོང་གི་ཞིབ་འཇུག་ཁང་དང་ཁྱིམ་གཉིས་པ་དེ་ཡིན་པ་རེད། ཕྱིས་སུ་ཁོང་གིས་རང་ཉིད་ཀྱི་ཉམས་མྱོང་གྲོང་མི་གཞན་དག་ལ་མཉམ་སྤྱོད་བྱས་པ་ཟད། སློབ་དེབ་ནང་གི་ཤེས་བྱ་གཞིར་བཟུང་ཁོ་ཚོར་ཚལ་འདེབས་སྟངས་སློབ་ཀྱི་ཡོད་པ་རེད།
2000ལོར། རང་ས་གནས་ཀྱི་ཚལ་འདེབས་ཚོགས་པ་ཐོག་མར་འཛུགས་སྐབས། གྲོང་མི་ཚོར་ཚལ་འདེབས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་མེད་པས། ཚལ་འདེབས་སྟངས་ཐད་སྤྲོ་སྣང་དེ་ཙམ་འཕེལ་གྱི་མེད་པ་རེད། ཁོང་གིས་གནས་ཚུལ་དེར་གཞིགས་ནས་རང་ཉིད་ཀྱིས་ཚལ་འདེབས་དྲོད་ཁང་4བཟོས་པ་རེད། ལོ་མཇུག་ཏུ་གྲོང་མི་ཚོས་ཁོང་གིས་ཚལ་འདེབས་ལ་བརྟེན་ནས་ཁེ་བཟང་སྒོ་ཁྲི་3བྱུང་བ་མཐོང་སྐབས། གྲོང་མི་ཚོས་ཁོང་གི་རྗེས་སུ་འབྲངས་ནས་དྲོད་ཁང་ནང་དངོས་སུ་ཚལ་འདེབས་འགོ་ཚུགས་པ་རེད།
ཚལ་འདེབས་ཀྱི་སྤུས་ཚད་ལ་ཚད་གཞི་མཐོ་པོ་ཡོད་པས། གྲོང་ཚོ་དེ་གའི་སྔོ་ཚལ་ལ "བློས་འགེལ་ཆོག་པའི་སྔོ་ཚལ"ཞེས་པའི་མཚན་སྙན་ཐོབ་ནས་གང་སར་ཁྱབ་ཅིང་། ད་ཆ་ལྷ་ས་ཕུད། གཞིས་རྩེ་དང་། ལྷོ་ཁ་སོགས་གྲོང་ཁྱེར་གཞན་དག་ལ་འཚོང་བཞིན་ཡོད་པ་རེད།
2014ལོར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ས་གཙང་ཐོན་ལས་འཕེལ་རྒྱས་གཏོང་བའི་བླང་བྱ་གཞིར་བཟུང་། སྟོད་ལུང་བདེ་ཆེན་ཆུས་ས་གཙང་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་། བློ་བཟང་ཚེ་རིང་ཀུང་སི་དེའི་ཅིང་ལི་གཞོན་པར་བསྐོས་ནས་ལག་རྩལ་དོ་དམ་བྱེད་དུ་བཅུག་པ་རེད། ཁོང་གིས"མ་འོངས་པའི་ལོ་ཟླའི་ནང་ངས་རང་གི་ཉམས་མྱོང་ས་ཆ་མང་པོར་མཉམ་སྤྱོད་བྱས་ནས་གྲོང་མི་གང་མང་ཚལ་འདེབས་ལ་བརྟེན་ཏེ་ཕྱུག་པོ་ཆགས་ཐུབ་པ་བྱ་རྒྱུ་ཡིན" ཞེས་བཤད། ཉི་མ་ཚེ་རིང་གིས་བསྒྱུར།