དབུ་ཤོག>བོད་ཀྱི་རིག་གནས།
  • ལྷ་སའི་སྐྱིད་ཆུ་སྲུང་མཁན་རིན་ཆེན་མཚོ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-05

    རིན་ཆེན་མཚོ་མོས་སྐྱིད་ཆུའི་འགྲམ་གྱི་གད་སྙིགས་སྒྲུག་བཞིན་པ། 

    ལྷ་སའི་སྐྱིད་ཆུའི་ཉེ་འགྲམ་གྱི་མང་ཚོགས་ཚོའི་མིག་ལམ་དུ་རྟག་ཏུ་གད་པ་མང་པོ་མངོན་རྒྱུ་ཡོད། རིན་ཆེན་མཚོ་མོ་ནི་ཁོ་ཚོའི་གྲས་ཤིག་ཡིན། ཁོང་རྐང་པ་ཐང་པོ་མེད་ཀྱང་འཇེབ་ཙེ་དང་འགྱིག་ཕད་ཅིག་ཁྱེར་ནས་གཙང་པོའི་ཉེ་འགྲམ་དུ་གཙང་སྦྲ་བྱས་ནས་ལོ་མང་སོང་། ལྷ་སའི་སྐྱིད་ཆུ་དང་ཉེ་འཁོར་གྱི་ཁོར་ཡུག་ཡག་ཏུ་འགྲོ་ཆེད། ད་ལོ་ལོ་34ལ་སོན་པའི་རིན་ཆེན་མཚོ་མོས་གཙང་པོའི་ཉེ་འགྲམ་དུ་གཙང་སྦྲ་བྱས་ནས་ལོ་མང་ཕྱིན་པ་རེད། ཁོང་གི་རྣམ་ཀུན་གྱི་ལས་ཀ་ནི་ཀུ་རུ་ཟམ་པ་ནས་གཉེན་བསུའི་ཟམ་ཆེན་བར་གཙང་སྦྲ་བྱེད་པ་དང་། དུས་བྱ་རྣམས་ལ་ལྟོ་སྟེར་དགོས་ཀྱི་ཡོད། དུས་རྒྱུན་ཁོང་གིས་ལས་ཀ་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་པས། ལས་ཁུངས་ཀྱི་དབུ་ཁྲིད་དང་ལས་རོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ།

    རིན་ཆེན་མཚོ་མོ་ཁྲེང་ཀོན་ཆུས་ཉང་བྲན་ཤང་གད་པའི་སྡེ་ཁུལ་དུ་སྡོད་ཀྱི་ཡོད་པ་དང་། ཁོང་ཞོགས་པ་ཆུ་ཚོད་དྲུག་པར་ལངས་ནས་ཁྱིམ་ལས་ཚར་རྗེས་རང་འཁྲིའི་ལས་ཀ་འགོ་འཛུགས་ཀྱི་ཡོད། རིན་ཆེན་མཚོ་མོས"གློག་སྒུལ་འཕྲུལ་འཁོར་བཞོན་ནས་དུས་བྱའི་ལྟོ་ལེན་པར་འགྲོ་རྒྱུ་ནི་ངའི་ལས་ཀ་དང་པོ་དེ་ཡིན། ལྟོ་ཁྱེར་ནས་སྐྱིད་ཆུའི་འགྲམ་དུ་སླེབས་སྐབས་དུས་བྱ་རྣམས་ང་ལ་འཁོར་གྱི་འདུག ངས་རང་གི་གཅེས་ཕྲུག་ལྟར་དུས་བྱ་རྣམས་ལ་བྱམས་སྐྱོང་བྱེད་ཀྱི་ཡོད" ཅེས་བཤད། 

    རིན་ཆེན་མཚོ་མོས་རྣམ་ཀུན་བག་ལེབ་ཆུང་ཆུང་བཟོས་ཏེ་དུས་བྱར་སྟེར་བ་དང་། ཁོང་གིས"ང་ད་ལྟ་ཀུ་རུ་ཟམ་པ་ནས་གཉེན་བསུའི་ཟམ་ཆེན་བར་གཙང་སྦྲ་བྱས་ཚར་ཙམ་ཡིན། ད་ལྟ་དུས་བྱར་ལྟོ་སྟེར་བར་འགྲོ་རྩིས་ཡོད། ད་ལྟའི་དུས་ལ་དུས་བྱ་མང་པོ་མེད་པས་ཉིན་ལྟར་བག་ལེབ་200ཙམ་གྱིས་འདང་གི་འདུག  དགུན་ཁའི་དུས་སུ་དུས་བྱ་རིམ་བཞིན་མང་དུ་ཕྱིན་ནས་ཉིན་ལྟར་བག་ལེབ་1200ཙམ་དགོས་ཀྱི་འདུག"ཅེས་བཤད།  ཁོང་གིས་རས་ཁུག་ནང་བག་ལེབ་བླུགས་ནས་ག་ལེར་སྐས་འཛེག་ནས་བབས་ཏེ། གཙང་པོའི་ཕྱོགས་སུ་བསྐྱོད་དེ་དུས་བྱར་ལྟོ་སྟེར། ཁོང་གིས"ངས་དུས་རྒྱུན་ལྟོ་མ་སྟེར་གོང་དུས་བྱ་ང་ཡོང་སའི་ཕྱོགས་སུ་འཕུར་ཡོང་གི་ཡོད། དེ་རིང་ཁྱེད་རང་ཆ་རྒྱུས་མེད་སྟབས་སྐྲག་ནས་འགྲམ་ལ་འཕུར་ནུས་ཀྱི་མི་འདུག" ཅེས་འགྲེལ་བཤད་བརྒྱབ་བྱུང་། 

    རིན་ཆེན་མཚོ་མོ་ནི་ཆབ་མདོའི་ལུང་ཁུག་ཅིག་ཏུ་སྐྱེས་པ་དང་། ལྷ་སར་མ་ཡོང་གོང་ཞིང་ལས་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། ཁྱིམ་དུ་དཔལ་འབྱོར་ཡོང་འབབ་འཕར་སྣོན་ཡོང་ཆེད། རང་ཡུལ་བཞག་ནས་ལོ་མང་རེ་སྒུག་བྱེད་སའི་གནས་མཆོག་ལྷ་སའི་ཕྱོགས་སུ་ཡོང་བ་རེད། ཁོང་དང་ཐོག་ལྷ་སར་འབྱོར་སྐབས་མགྲོན་ཁང་ཞིག་གི་ནང་དུ་གཙང་སྦྲ་བྱས་ནས་བསྡད། རྗེས་སུ་ཁོང་གད་པ་བྱ་རྒྱུའི་གོ་སྐབས་བྱུང་ནས་སྐྱིད་ཆུའི་ཉེ་འགྲམ་ལ་གཙང་སྦྲ་བྱ་རྒྱུ་དང་དུས་བྱ་ལ་ལྟོ་སྟེར་རྒྱུའི་ལས་ཀ་དེ་རག་པ་རེད། 

    རིན་ཆེན་མཚོ་མོས"དང་ཐོག་གད་པ་བྱེད་དུས་ལས་ཀ་དེ་གླ་ཆ་དམའ་བའི་ཐོག་ཆོ་མེད་པའི་ཚོར་སྣང་ཞིག་བྱུང་། དེ་ནས་ལས་ཀ་ལོ་གསུམ་ཙམ་བྱས་པ་བརྒྱུད་རང་ཉིད་ལས་ཀ་དེར་དགའ་ཞེན་ཆེན་པོ་ཆགས་སོང་། ལོ་འགའི་སྔོན་ལ་ལྷ་སའི་སྐྱིད་ཆུའི་ཉེ་འགྲམ་གྱི་གཙང་སྦྲ་འཕྲོད་བསྟེན་ཞན་པོ་ཡོད་པ་དང་། གང་སར་རས་ཧྲུལ་དང་། ཀློག་དེབ། འཛུགས་སྐྲུན་གད་སྙིགས། སྲོག་ཆགས་ཀྱི་རོ་སོགས་ཀྱིས་ཁེངས་ནས་ཡོད། ཉིན་ལྟར་གད་སྙིགས་འདྲུད་འཁོར་བཞི་ནས་ལྔའི་བར་དབོར་དགོས་ཀྱི་ཡོད་པས་དཀའ་ལས་ཆེན་པོ་ཡོད། ད་ཆ་སྤྱི་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ལྷ་སའི་སྐྱིད་ཆུའི་ཉེ་འགྲམ་དུ་གད་སྙིགས་ཇེ་ཉུང་དུ་སོང་བས། ཉིན་རེར་གད་སྙིགས་འདྲུད་འཁོར་གཉིས་ལས་དབོར་དགོས་ཀྱི་མེད། ལྷ་སའི་སྐྱིད་ཆུའི་ཁོར་ཡུག་ཇེ་བཟང་དུ་ཕྱིན་པ་མཐོང་སྐབས་དགའ་ཚོར་ཆེན་པོ་འདུག"ཅེས་བཤད། 

    ལྷ་སར་ཆར་དུས་འགོ་ཚུགས་སྐབས་གཙང་པོ་རྒྱས་ནས་གཙང་སྦྲ་བྱེད་བདེ་པོ་མེད་སྟབས། རིན་ཆེན་མཚོ་མོས་ཆུ་གོས་གྱོན་ནས་ལས་ཀ་བྱེད་དགོས་ཀྱི་ཡོད། ཆུའི་ནང་ལས་ཀ་བྱེད་ཡུན་རིང་བས་ཁོང་ལ་གྲུམ་ནད་ཕོག་ཡོད་པ་རེད། ནམ་དུས་འགྱུར་ལྡོག་འགྲོ་སྐབས་མཚམས་རེར་གྲུམ་ནད་ཀྱིས་ཁོང་ལ་སྡུག་པོ་སྟེར་གྱི་ཡོད་པ་རེད། དེ་སྔོན་ཁོང་དང་མཉམ་དུ་ལས་ཀ་བྱེད་མཁན་གད་པ་ལྔ་ཡོད་ཀྱང་། རྗེས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ཁོ་ཚོས་ལས་ཀ་ནས་དགོངས་པ་ཞུས་སྟབས། ཁོང་མི་གཅིག་གིས་མི་དྲུག་གི་ལས་ཀ་བྱེ ད་དགོས་ཀྱི་ཡོད། མ་གཞི་ལས་ཀ་མང་པོ་ཡོད་ཀྱང་། ཁོང་གིས་འཁང་ར་སྤུ་ཙམ་ཡང་བྱེད་མྱོང་མེད་པ་མ་ཟད།  ད་དུང་འཛུམ་དམུལ་དམུལ་ངང"ལྷ་སའི་སྐྱིད་ཆུའི་ཉེ་འགྲམ་དུ་གཙང་མ་ཡོད་པ་མཐོང་སྐབས་ངའི་སེམས་ནང་བློ་བདེ་པོ་ཞེ་དྲག་འདུག"ཅེས་ཤོད་ཀྱི་འདུག ཉི་མ་ཚེ་རིང་གིས་བསྒྱུར། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།