དབུ་ཤོག>བོད་ཀྱི་རིག་གནས།
  • སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2019-08-25

    སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ཞེས་པའི་དཔེ་སྐྲུན་ཞུ་བརྗོད།

    微信图片_20190825102648.jpg

    བརྒྱུད་པ་ཡིད་བཞིན་ནོར་བུའི་རྟོགས་པ་བརྗོད་པའི་ལེགས་པར་བཤད་པ་ངོ་མཚར་རྒྱ་མཚོ་ཞེས་པའམ་ཡོངས་གྲགས་སུ་སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ཞེས་པ་འདི་ནི་བོད་ཀྱི་ལོ་རྒྱུས་སྤྱི་བརྗོད་བྱར་བྱས་ཐོག་དམིགས་སུ་བཀའ་བརྒྱུད་པའི་ཆོས་འབྱུང་ལོ་རྒྱུས་ཤིན་ཏུ་རྒྱས་པར་བསྟན་པ་ཞིག་ཡིན། འདི་ནི་དང་པོ་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་བསྟན་པའི་སྐབས་དང་། གཉིས་པ་སྟོན་པའི་མཛད་པ་བཤད་པའི་སྐབས། གསུམ་པ་བཀའ་བསྡུ་དང་སྐུ་གསུང་ཐུགས་ཀྱི་རྟེན་ཇི་ལྟར་བྱུང་ཚུལ། བཞི་པ་འཕགས་ཡུལ་གྱི་བསྟན་པ་བསྟན་འཛིན་གྱི་བྱུང་བ་བརྗོད་པ། ལྔ་པ་བཀའ་བབས་བཞི་དང་མཆོག་གཟིགས་རྣམ་གཉིས་སོགས་ཀྱི་རྣམ་ཐར། དྲུག་པ་བོད་ཡུལ་དུ་དམ་པའི་ཆོས་ཇི་ལྟར་བྱུང་ཚུལ། བདུན་པ་བོད་ཡུལ་གྱི་སྙིང་པོ་དོན་གྱི་བསྟན་འཛིན་ཆེན་པོ་དག་གི་རྣམ་ཐར། བརྒྱད་པ་སྟག་ལུང་བཀའ་བརྒྱུད་ཀྱི་རྣམ་ཐར་རྒྱས་པར་བཤད་པ། དགུ་པ་བཀའ་བརྒྱུད་སྤྱིའི་རྣམ་ཐར་རགས་པ་ཙམ། བཅུ་པ་ཆོས་བརྒྱུད་སྣ་ཚོགས་ཀྱི་བྱུང་བ་ཆ་ཙམ་བརྗོད་པ། བཅུ་གཅིག་པ་རིག་གནས་ཕྱི་མ་བཞི་ཇི་ལྟར་བྱུང་ཚུལ་གླེང་བ་བཅས་ས་བཅད་ཆེན་པོ་བཅུ་གཅིག་གི་སྟེང་ས་བཅད་བརྒྱད་པའི་སྟག་ལུང་ཡ་ཐང་རྡོ་རྗེ་གདན་གྱི་གདན་རབས་ཕྱིས་བྱོན་པ་དག་གི་རྣམ་ཐར་ཁ་སྐོང་དང་དབྱི་ཤོད་རི་བོ་ཆེའི་ལོ་རྒྱུས་ཁ་སྐོང་བཅས་ཁྱོན་སྡེ་ཚན་བཅུ་གསུམ་དང་དཔེ་ཆ་སྣ་རིང་ཤོག་ངོས་1551གི་བདག་ཉིད་དུ་གྲུབ་པ་ཞིག་ཡིན།

    བསྟན་བཅོས་འདིའི་མཛད་པ་པོ་ནི་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ཡིན་ཞིང་། ཁོང་ནི་ཡབ་ཀུན་དགའ་རྒྱ་མཚོ་དང་ཡུམ་སྨོན་ལམ་ཕུན་ཚོགས་བུ་ཁྲིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་པའི་ལྕགས་ལུག་སྤྱི་ལོ་1571ལོར་འཕན་ཡུལ་སྤྲས་སུ་སྐུ་འཁྲུངས། མཚན་ལ་བཀྲ་ཤིས་སྟོབས་རྒྱལ་དུ་གསོལ། དགུང་ལོ་ཆུང་ངུ་ནས་སོ་སྐྱེའི་སྤྱོད་པ་ལས་འདས་པའི་མཛད་པ་བསྐྱངས་ཤིང་། སྔ་ཕྱིར་ཆོས་རྗེ་ཀུན་དགའ་བཀྲ་ཤིས་དང་། སློབ་དཔོན་རྣམ་རྒྱལ་ཆོས་འཕེལ། རྣམ་རྒྱལ་རིན་ཆེན་ཕུན་ཚོགས། ཡོངས་འཛིན་དཔལ་ལྡན་ངག་དབང་ཆོས་ཀྱི་ཉི་མ་སོགས་སྡེ་སྣོད་འཛིན་པའི་བླ་མ་བསྟེན་ནས་མདོ་སྔགས་སྤྱི་དང་། སྟག་ལུང་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་དང་དབང་ལུང་གསན་བཞེས་ཀྱིས་མཁས་པའི་གོ་འཕང་མཐོན་པོར་གཤེགས། ག་ཟིའི་གདུང་རྒྱུད་ལས་མཆེད་པའི་སྟག་ལུང་ཡར་ཐང་གི་གདན་རབས་བཅུ་དྲུག་པ་ཀུན་དགའ་བཀྲ་ཤིས་ཀྱི་སྐུ་ཚ་ཡིན་ཞིང་། དགུང་ལོ་བཅོ་ལྔ་པ་ཤིང་མོ་བྱའི་ལོ་1585ནས་དགུང་ལོ་ཞེ་དྲུག་པ་མེ་ཕོ་འབྲུག་1616ལོའི་བར་གྱི་ལོ་ངོ་སོ་གཅིག་རིང་ལ་སྟག་ལུང་ཡར་ཐང་རྡོ་རྗེ་གདན་གྱི་ཁྲི་འཛིན་དུ་བཞུགས་ཤིང་། གདན་རབས་བཅུ་བདུན་པ་ཡིན། བསྟན་འགྲོར་སྨན་པའི་མཛད་འཕྲིན་རྒྱས་པར་བསྐྱངས་ཏེ་དགུང་གྲངས་ང་དྲུག་པ་མེ་ཕོ་སྟག་ལོ་1616ཏུ་དགོངས་པ་ཞི་བར་གཤེགས།

    ལོ་རྒྱུས་ཀྱི་བསྟན་བཅོས་ཆེན་པོ་འདི་ནི་མཛད་པ་པོ་དགུང་ལོ་སོ་དགུ་པ་ས་མོ་བྱ་1609ལོར་བརྩམས་པར་གྲགས་ཤིང་། འདིའི་མ་ཕྱི་ཚང་བའི་དཔེ་རྒྱུན་དཀོན་པ་དེང་པར་གཞི་མི་འདྲ་བ་ཁ་ཤས་སུ་སྣང་བ་ངེད་དཔེ་སྐྲུན་ཁང་ནས་2016ལོ་ནས་དཔེ་སྐྲུན་གྱི་འཆར་གཞི་རུ་བཅུག་སྟེ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གི་གློག་རྡུལ་པར་མ་ཞིག་ལ་གཞི་བྱས་ཤིང་། ལྷོ་ཁ་སྲིད་གྲོས་ཀྱི་རྒན་བྱམས་པ་བསྟན་འཛིན་ལགས་ཀྱི་ཕྱག་ཏུ་ཡོད་པའི་ཤིང་པར་གློག་རྡུལ་མ་ཞིག་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གངས་ཅན་རིག་མཛོད་ཀྱི་དཔེ་དེབ་ཅིག་ལ་དཔེ་བསྡུར་གྱིས་དཔེ་སྐྲུན་བྱས་པ་ཡིན་ཡང་། བརྗོད་བྱའི་འགྲོས་དང་ནང་དོན་སྤྱི་ལ་གཞིགས་ཚེ་ད་དུང་ཡང་ཆད་པའི་དོགས་པ་བྱུང་བ་རྗེས་སོར་པར་གཞི་གཞན་དང་དག་བསྡུར་བྱུང་ན་ཤིན་ཏུ་ལེགས་པར་སྙམ།

    འདིའི་མ་ཕྱིའི་ཡི་གེ་རྣམས་དེ་ཙམ་དག་པོ་མེད་པས་ན། སྔོན་ལ་མ་ཕྱིར་གང་ཡོད་ཇི་མ་ཇི་བཞིན་བཀོད་པ་དང་དེ་གའི་མཇུག་ཐད་དུ་གུག་རྟགས་ནང་དག་པར་སྙམ་པའི་ཡི་གེ་དེ་བཀོད་ན་ཤིན་ཏུ་ལེགས་མོད། འོན་ཏེ་མ་ཕྱིར་མ་དག་པའི་ཡི་གེ་ཅུང་མང་བས་དེ་ལྟར་བྱས་ཚེ་ཡིག་རྫོབ་ཆེ་ཞིང་ཟང་ཟིང་ཆེ་བར་གྱུར་ནས་ཀློག་པ་པོ་རྣམས་ཀྱི་དཔེ་ཆ་བཀླག་འདོད་ཀྱི་དང་བ་ཉམས་པར་དོགས་པས་ན། འདིའི་ས་བཅད་དང་པོ་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་བསྟན་པ་ཞེས་པ་དང་། ས་བཅད་གསུམ་པ་ཆོས་བརྒྱུད་སྣ་ཚོགས་ཀྱི་བྱུང་བ་ཆ་ཙམ་བརྗོད་པ་ཞེས་པ། དགུ་པ་བཀའ་བརྒྱུད་སྤྱིའི་རྣམ་ཐར་རགས་ཙམ་སྨོས་པ་ཞེས་པ། དེ་མིན་རྣམ་ཐར་ཁ་སྐོང་ངོ་མཚར་སྙན་གྲགས་ལྷ་ཡི་རྔ་ཆེན་ཞེས་པའི་འགོ་བརྗོད་བཅས་རྣམས་ཀྱི་དག་ནོར་ཤོར་བའི་མ་ཕྱིའི་མཇུག་ཐད་དུ་གུག་རྟགས་ནང་དག་པར་སྙམ་པའི་ཡི་གེ་རྣམས་བཀོད་ཡོད་ཅིང་། དེ་འཕྲོས་ཀྱི་མ་ཕྱིར་ནོར་ཚབས་ཆེ་བའི་ཡི་གེ་ཉུང་ཤས་དང་བྱེད་འབྲེལ་ནོར་བ་རྣམས་གོང་ལྟར་བཟོ་བཅོས་ཞུས་ཡོད་པ་ཕུད། གཞན་རྣམས་མ་ཕྱིར་གང་ཡོད་ཇི་མ་ཇི་བཞིན་བཀོད་པ་མ་གཏོགས་དག་བཅོས་ཞུ་ཁུལ་བྱས་མེད་པས་དེ་དོན་དགོངས་འཇགས་འཚལ། ཞེས་གཙོ་སྒྲིག་པ་རྡོ་སྦིས་ཚེ་རིང་རྡོ་རྗེས་སྦྱར་བའོ། །

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།