དབུ་ཤོག>བོད་ཀྱི་རིག་གནས།
  • རང་ལྗོངས་སུ་དམངས་ཁྲོད་ལྷ་མོ་ཚོགས་པ་145ལྷག་ཙམ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-10

    4版二稿 (2)_s.jpg

    ལོ་10ཡི་རིང་། རིམ་ཁག་སྲིད་གཞུང་གི་རོགས་སྐྱོར་འོག བོད་ཀྱི་གནའ་བོའི་ལྷ་མོ་དུས་སྐབས་གསར་པར་སྔར་ན་མེད་པའི་འཕེལ་རྒྱས་བྱུང་ཞིང་། དེ་ཉིད་རང་ལྗོངས་ཀྱི་ཡུལ་ལུང་ཁྱད་ཆོས་ཟབ་པ་དང་། མང་ཚོགས་ཀྱི་རྨང་གཞི་བརྟན་པ། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་བ་བཅས་ལས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་གར་སྟེགས་སུ་འཁྲབ་པ་དང་གྲངས་གཞི་ཅན་དུ་སྒྱུར་བའི་ལས་དོན་གང་ལེགས་སྒྲུབ་པ་དང་དུས་མཚུངས། ལོ་ལྟར་འཁྲབ་གཞུང་གསར་པ་རེ་རྩོམ་གྱི་ཡོད། དེ་དང་ཆབས་ཅིག་བོད་ཀྱི་ལྷ་མོ་ཁྱབ་གདལ་དང་། གསོ་སྦྱོང་། སློབ་གྲྭར་དར་སྤེལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

    ལོ་འདི་དག་རིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རྒྱབ་སྐྱོར་དང་སྲིད་ཇུས་ཀྱི་ཁྲིད་སྟོན་འོག ལྷག་དོན་དུ་མངོན་མིན་རིག་གནས་ཤུལ་བཞག་གི་གྲོན་དངུལ་གྱི་རོགས་སྐྱོར་བྱས་པས། ལྗོངས་ཡོངས་ཀྱི་ས་ཆ་ཁག་གི་ལྷ་མོའི་སྒྱུ་རྩལ་ལ་སྲུང་སྐྱོང་གང་ལེགས་བྱུང་བ་དང་། རྒྱུན་ཆད་ལ་ཉེ་བའི་ལྷ་མོའི་རིགས་མྱུར་སྐྱོབ་དང་རྒྱུན་འཛིན་དུས་ཐོག་ཏུ་ཐུབ་ཅིང་། ལྷ་མོ་ཚུད་པའི་དམངས་ཁྲོད་རིག་གནས་ཀྱི་འཕེལ་ཕྱོགས་ཉམས་དགའ་བ་དང་། ལྷ་མོ་འཁྲབ་སྟོན་ཚོགས་པ་ཟམ་མི་ཆད་པར་སྟོབས་ཆེར་སོང་ནས། ད་ཆ་ལྗོངས་ཡོངས་སུ་དམངས་ཁྲོད་ལྷ་མོ་ཚོགས་པ་145ཡོད་ཁར། ལྷ་མོའི་ལས་ལ་གཞོལ་མཁན་3000ལྷག་ཙམ་ཟིན་པ་དང་། གཞོན་ནུ་སྔར་བས་མང་བ་ལྷ་མོ་འཛིན་སྐྱོང་སྤེལ་གསུམ་ལ་ཞུགས་བཞིན་ཡོད་པ་རེད།

    2017ལོ་དང་2018ལོར། རང་སྐྱོང་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་བོད་ས་གནས་ཀྱི་ལྷ་མོའི་རིགས་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་། སྔར་ཡོད་ཀྱི་འབག་དཀར་པོ་དང་། འབག་སྔོན་པོ། ཆབ་མདོའི་ལྷ་མོ། མོན་པའི་ལྷ་མོ་བཅས་རིགས་བཞིའི་ཐོག་རང་ལྗོངས་སུ་དཔའ་མགོན་ལྷ་མོ་དང་ཤར་པའི་མ་ཎི་ལྷ་མོ་གཉིས་རྩད་ཆོད་པར་བརྟེན། བོད་ས་གནས་ཀྱི་ལྷ་མོའི་རིགས་ཁྱོན་6ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྗོངས་ཡོངས་སུ་འབག་དཀར་ལུགས་ཀྱི་དམངས་ཁྲོད་ལྷ་མོའི་འཁྲབ་སྟོན་ཚོགས་པ་3དང་། འབག་སྔོན་ལུགས་ཀྱི་དམངས་ཁྲོད་ལྷ་མོའི་འཁྲབ་སྟོན་ཚོགས་པ་138 ཆབ་མདོའི་ལྷ་མོར་དམངས་ཁྲོད་ཀྱི་འཁྲབ་སྟོན་ཚོགས་པ་1 དཔའ་མགོན་ལྷ་མོར་འཁྲབ་སྟོན་ཚོགས་པ་1 མོན་པའི་ལྷ་མོར་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་1 ཤར་པའི་མ་ཎི་ལྷ་མོར་དམངས་ཁྲོད་ཀྱི་འཁྲབ་སྟོན་ཚོགས་པ་1བཅས་ཁྱོན་ལྷ་མོ་ཚོགས་པ་145ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།