
《班禅释迦曲旦传》
པཎ་ཆེན་ཤཱཀྱ་མཆོག་ལྡན་ནི་རབ་བྱུང་བདུན་པའི་ས་ཕོ་སྤྲེལ་ཏེ་སྤྱི་ལོ་༡༤༢༨ལོར་དཔལ་གསང་ཕུ་ནེའུ་ཐོག་གི་བཤད་གྲྭ་ཆེན་པོའི་ཞབས་སུ་གྱུར་པ་གསང་མདའ་བང་རིམ་དུ་འཁྲུངས། ཡུམ་ནི་གསང་ཕུའི་སྤང་ཁ་ཆོས་སྡིངས་ཀྱི་བཙུན་མ་ཤཱཀྱ་བུ་འདྲེན་ནམ་ཤཱཀྱ་མཛེས་བྱ། དགེ་སློང་མ་ཤཱཀྱ་བཟང་མོ་ཞེས་བྱ། ཡུམ་བཙུན་མ་ལ་བསྟན་པའི་ཆེད་དུ་ཡབ་དང་རྗེས་སུ་འབྲེལ་བ་ལས་དམ་པ་འདི་ཉིད་འཁྲུངས་པ་ཡིན།
དགུང་ལོ་བརྒྱད་པར་སྐྱོར་མོ་ལུང་དུ་རོང་སྟོན་ཤཱཀྱ་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་ལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཞེས་གསོལ། སྔ་ཕྱིར་གསང་ཕུ་དང་། ནཱ་ལེནྡྲ། ངོར་དགོན་སོགས་ཀྱི་ཆོས་གྲྭ་འགྲིམས་ནས་རོང་སྟོན་ཆེན་པོ་དང་ངོར་ཆེན། བྲག་དཀར་སེམས་དཔའ། ལྕང་ལུང་པ་གཞོན་ནུ་བློ་གྲོས། ཆོས་རྒྱལ་རྣམ་རྒྱལ་གྲགས་པ། ཉེ་གནས་བློ་ལྡན་པ་སོགས་སྡེ་སྣོད་འཛིན་པའི་བླ་མ་དུ་མ་བསྟེན་ནས་མདོ་སྔགས་གཉིས་དང་། སྒྲ་ཚད་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མཁས་པའི་གོ་འཕང་བསྙེགས། ལྷག་པར་དུ་རང་སྟོང་གཞན་སྟོང་གི་ལྟ་བའི་གནད་ཟབ་མོ་ལ་དམ་པ་འདི་ཉིད་གཙིགས་སུ་འཛིན། གཙང་གསེར་མདོག་ཅན་གྱི་དགོན་པ་ཕྱག་བཏབས། མངའ་རིས་སོགས་སུ་ཆོས་ཀྱི་འདུ་གནས་དུ་མའང་བཞེངས། སློབ་མས་ཚོགས་རྒྱས་པར་བསྐྱངས་ཤིང་ཆོས་ཀྱི་བདུད་རྩི་འབབ་མེད་དུ་བསྩལ་མཐར་དགུང་ལོ་བརྒྱད་ཅུར་ཕེབས་པ་རབ་བྱུང་དགུ་པའི་མེ་ཡོས་༡༥༠༧ལོར་ཞི་བར་གཤེགས། གསུང་རྩོམ་སྐོར་ལ་རྣམ་རིག་ཊཱི་ཀ་དང་ཕར་ཕྱིན་ཊཱི་ཀ རྩ་འཇུག་ཊཱི་ཀ འདུལ་བའི་ཊཱི་ཀ་སོགས་ཡོད།
པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ཞེས་པའམ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་འབྱེད་ཅེས་པ་འདི་ནི་ཡོངས་གྲགས་སུ་དམ་པ་ཁོང་ཉིད་ཀྱིས་བརྩམས་གནང་བས་རང་རྣམ་དུ་བརྗོད་ཀྱང་། རྣམ་ཐར་དེའི་མཇུག་ཏུ་༼ དེ་ལྟར་པཎ་ཆེན་རིན་པོ་ཆེའི་སྐུ་ཆེ་བའི་ཡོན་ཏན་ཞིབ་མོར་བྲིས་པའི་རབ་བྱེད་ཉེར་བདུན་པ་འདི་ཡང་མ་བྱོན་པའི་སངས་རྒྱས་གསུམ་པ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་གདན་ས་སེང་གེའི་ཁྲི་ལ་མངོན་པར་རབ་ཏུ་མཐོ་བ། སྐྱེ་མེད་རང་གསལ་ཆོས་དབྱིངས་གདོད་མའི་མགོན་པོ་མངོན་སུམ་དུ་གཟིགས་པའི་མཁན་ཆེན་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་བཀས་བསྐུལ་བའི་དབང་ལས། སྙོམས་ལས་ཀྱི་བགྱི་བ་ཅུང་ཞིག་བསལ་ཏེ། གང་གི་བཀའ་མི་འགོག་པའི་སླད་དུ། གྲོལ་མཆོག་གིས་ཡི་གེར་བཀོད་པ་༽ཞེས་དང་། ཡང་། ༼དེ་ལྟར་རྣམ་ཐར་སྔ་མ་གསུམ་གདན་བཀོད་དུ་བྱས་མ་ཟློས་ཤིང་། གང་མ་ཚང་བའི་ཐད་ཁོལ་དུ་ཁ་སྐོང་བགྱིས། རང་རེས་འབད་རྩོལ་དྲག་པོས་པཎ་ཆེན་ཉིད་ཀྱི་ཞབས་ལ་གཏུགས་ཤིང་། གསུང་གི་བདུད་རྩི་དངོས་སུ་བཞེས་པའི་སློབ་མའི་མཆོག་བཅུ་གཉིས། ཡང་སློབ་བརྒྱུད་པ་འཛིན་པ་བཞི་སྟེ། དགེ་བའི་བཤེས་གཉེན་བཅུ་དྲུག་གི་དྲུང་དུ་གང་ལས་བརྒྱུད་པའི་དབང་ལུང་གདམས་པའི་སྒོ། ཆོས་ཀྱི་རྒྱལ་པོའི་དཔལ་གྱི་མགུར་ལས་བཀའ་སྩལ་པ་ཕལ་ཆེར་ཐོབ་ཅིང་། དེ་སྐབས་རེ་རེ་ནས་ཀྱང་རྣམ་ཐར་གྱི་ཟུར་མི་འདྲ་བའི་ཆ་ཕྲ་བ་ཐོས་པ་ཀུན་ཀྱང་མ་བརྗེད་པར་བློ་ལ་གཟུངས་སུ་བསྟེན་པ་དག་སོ་སོར་བཀོད། དགུང་ལོ་བརྒྱད་ཅུའི་བར་ལ་ཧོར་ཀོངས་མེད་ཅིང་དབུ་ཞབས་གཏན་མ་ལོག་པ། རྒྱུ་སྐར་འཆར་བའི་གོ་རིམ་ལྟར་བྲིས་པ་འདི་ཡོངས་སུ་རྫོགས་པར་གྲུབ་པའོ། །༽ཞེས་རྣམ་ཐར་འདི་བརྩམས་པའི་རིམ་པ་གསལ་བར་བཀོད་པ་ལྟར་ཡི་གེར་འགོད་མཁན་ནི་གྲོལ་མཆོག་མཚན་ཅན་ཡིན་པ་རྟོགས་ཐུབ་བོ། །ཡང་ཀུན་དགའ་གྲོལ་མཆོག་ཅེས་ཇོ་ནང་པའི་མཁས་པ་དེ་ཉིད་ཡིན་པར་བཞེད་དོ། །
ངེད་དཔེ་སྐྲུན་ཁང་ནས་དཔར་པའི་རྣམ་ཐར་འདི་ནི་མ་ཕྱི་གློག་པར་མ་གཞིར་བྱས་ཏེ་བསྒྲིགས་ཤིང་གཞུང་དངོས་ཀྱི་ནང་དོན་གཞིར་བཞག་གིས་རབ་བྱེད་དབྱེ་ནས་དཀར་ཆག་ཏུ་བཀོད་ཡོད། སྤྱིར་རྣམ་ཐར་འདི་ཉིད་ཀྱི་བརྗོད་པ་ཁ་དམ་ཞིང་ཡི་གེར་དག་ཆ་ལྡན་ཡང་། ཡུལ་དུས་ཀྱི་བརྡ་སྤྲོད་ལུགས་མི་ཉུང་བ་ཞིག་མཆིས་པ་དཔེར་ན། དིང་སང་དང་ལྗེན་པར་གསུང་ལྟ་བུ། གཞན། ཡོ་ལྟ་བུ་ཚིག་སྔ་ཕྱིའི་དོན་ལ་གཞིགས་ན་ཚང་མ་དང་ཡོངས་ཀྱི་དོན་དུ་འཇུག་པ། དགྱེས་རྡོར་ལ་དགེས་རྡོར་ཞེས་ས་སྐྱའི་ཡིག་ཚང་དུ་རྒྱུགས་ཆེ་བ་ལྟར་འབྲི། དེ་བཞིན་མངས་དང་ཆུངས། ཐུངས། སྟེངས་སོགས་ཡངས་འཇུག་སྦྱོར་བ་མང་བ། ལྷག་པར་དུ་ཤིན་ཏུ་གོ་དཀའ་ཞིང་ཚིག་སྔ་ཕྱི་འབྲེལ་དཀའ་བའི་རིགས་ནི་དོན་གྱི་བརྡར་ཤ་གཅོད་མི་ཐུབ་པས་མ་ཡིག་ལྟར་སོར་བཞག་བྱས་ཡོད་པ་དང་། ལག་བྲིས་ཡི་གེ་ང་དང་ད་གཉིས་ཁྱད་པར་འབྱེད་དཀའ་བ། པ་དང་བ་གཉིས་ངེས་མེད་དུ་འབྱུང་ཞིང་བ་སྦྱོར་བ་མང་བ་སོགས་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པའི་ཆ་འབྱུང་བ་དག་ལ་ངེད་ཅག་གིས་མ་ཡིག་དང་ཞིབ་ཏུ་བསྡུར་ནས་ཞུ་དག་ཡང་ཡང་བགྱིས་མོད། དེའང་ཞུ་དག་མ་ལོན་པའམ་ནང་དོན་གོ་ལོག་པའི་ཆའང་ངེས་པར་མཆིས་སྲིད་ན་མཁས་རྣམས་ཀྱིས་དགོངས་འཆར་སྩོལ་རྒྱུ་མཁྱེན་ཞེས་རྡོ་སྦིས་ཚེ་རིང་རྡོ་རྗེ་ནས་ཞུས་པའོ། །