མིག་དམར་མི་རབས་གསུམ་དང་ལྷ་མོའི་སྒྱུ་རྩལ་དབར་གྱི་ལས་དབང་།
ལྷ་མོའི་འཁྲབ་གཞུང་ནི་དུས་རབས་བཅུ་བཞིའི་སྐབས་སུ་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའམ་བརྩོན་འགྲུས་བཟང་པོ་ཡིས་གསར་གཏོད་གནང་ཞིང་མིང་དུ་ཨ་ཅེ་ལྷ་མོར་བརྗོད། འདི་ནི་གླུ་གར་གྱི་རྣམ་པའི་ཐོག་ནས་རྩོམ་རིག་གི་ནང་དོན་མཚོན་པའི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་ཡིན་ལ་དམངས་ཁྲོད་དང་ལོ་རྒྱུས་ཀྱི་གཏམ་རྒྱུད་སོགས་ལས་བྱུང་བ་ཞིག་ཡིན་པས་བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་འབོད་སྲོལ་ཡང་ཡོད། ད་བར་གྱི་མི་ལོ་འདི་དག་ནང་ལྷ་མོའི་འཁྲབ་གཞུང་འདིར་རྒྱུན་འཛིན་དང་འཕེལ་རྒྱས་ལེགས་པོ་བྱུང་ཡོད་པ་མ་ཟད། 2009ལོར་ལྷ་མོའི་འཁྲབ་གཞུང་འདི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུ་བཅུག
དེ་ཡང་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གནས་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་དགོས་ན་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁོ་ནར་བརྟེན་ན་མི་འགྲིག་པར་རྒྱུན་འཛིན་པ་ནི་འགག་རྩ་ཞིག་ཏུ་མཐོང་ཞིང་། ལྷག་དོན་དུ་མི་སྣའི་རྣམ་འགྱུར་དང་། ལུས་ཀྱི་སྟངས་སྟབས། མགྲིན་པའི་འགྱུར་ཁུག་སོགས་སྒྱུ་རྩལ་གྱི་ཉམས་འགྱུར་དག་འཁྲབ་སྟོན་མི་སྣའི་ལུས་སྟེང་ནས་གསོན་ཉམས་དོད་པོས་མངོན་པར་བྱེད་པའི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ངོས་ནས་བརྗོད་ན་རྒྱུན་འཛིན་མི་སྣ་ནི་དེ་བས་གལ་འགངས་ཆེ་བ་དང་འགག་རྩ་ཞིག་ཏུ་སྣང་། ལྷ་མོའི་སྒྱུ་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ལམ་བུའི་ཁྲོད་དཀའ་སྤྱད་འབད་འཐབ་ཀྱི་རྔུལ་ཆུ་འདོན་མཁན་དང་སྲོལ་རྒྱུན་རྒྱུན་འཛིན་གྱི་སྙིང་སྟོབས་ལྡན་པའི་རྒྱུན་འཛིན་པ་མི་ཉུང་བ་ཞིག་ཡོད་ཅིང་དེ་དག་ལས་མིག་དམར་མི་རབས་གསུམ་ནི་སྒྱུ་རྩལ་པ་བཟང་པོ་ཞིག་དང་ལྷ་མོའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཕུལ་བྱུང་ཞིག་ཡིན།
ད་ཆ། ལྷ་མོའི་ཚོགས་པ་ཆེ་ཆུང་ནི་ནམ་མཁའི་སྐར་ཚོགས་ལྟར་མང་ཞིང་དེ་ལས་ཐོ་རེངས་སྐར་ཆེན་འདྲ་བའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཕེལ་རྒྱས་ནི་མིག་དམར་མི་རབས་གསུམ་དང་འབྲེལ་བ་ཟབ་མོ་ལྡན་ཡོད་པ་སྟེ།
དུས་རབས་20པའི་ལོ་རབས་70ཡི་ནང་བཙུགས་པའི་ལྷ་མོ་ཚོགས་པ་འདི་ནི་དེ་སྔ་མ་དངུལ་གྱི་རྐྱེན་པས་ཐོར་ཞིག་ཏུ་འགྲོ་གྲབས་བྱས་ཡོད། འོན་ཀྱང་1977ལོར་མིག་དམར་གྱི་ཕ་དགེ་ལུང་ལགས་ཚོགས་པ་འདིའི་ནང་ཞུགས་ཤིང་། ལྷ་མོའི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་ཁོང་གིས་ནུས་ཤུགས་ཡོད་རྒུས་འཁྲབ་སྟོན་པ་རྣམས་ལ་ལྷ་མོའི་རུ་ཁག་མུ་མཐུད་འཛུགས་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད་རང་ཉིད་ཀྱི་གླ་ཕོགས་བཏོན་ནས་འཁྲབ་སྟོན་པ་རྣམས་ལ་སྤྲད་པ་ལས་ཁོང་དང་ལྷ་མོའི་སྒྱུ་རྩལ་གྱི་ལས་དབང་གཅིག་ཏུ་འབྲེལ་འགོ་ཚུགས་ཡོད་ལ། 1984ལོར་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་དགེ་ལུང་ལྷ་མོ་རུ་ཁག་གི་སྣེ་ཁྲིད་པར་བདམས་པ་དང་། 1994ལོར་དགེ་ལུང་གིས་མ་དངུལ་སྒོར་ཁྲི་18བཏང་ནས་ཉང་བྲན་ཤང་དུ་ལྷ་མོའི་ནང་སྦྱོང་བྱ་ཡུལ་བསྐྲུན་ཏེ་ལྷ་མོ་རུ་ཁག་ལ་འཁྲབ་ཆས་དང་རོལ་ཆ་ཉོས། 1999ལོར་ལྷ་མོ་རུ་ཁག་གི་མིང་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་ལས་ཞོར་སྒྱུ་རྩལ་ཚོགས་པ་ཞེས་པར་བསྒྱུར་ཅིང་། དགེ་ལུང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོར་འགྱུར་བ་དང་ཕྱིས་སུ“ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ”ཞེས་དངོས་སུ་མིང་བཏགས་པ་རེད། 2000ལོར་དགེ་ལོང་གིས་ལྷ་མོ་རུ་ཁག་གིས་འཁྲབ་སྟོན་བྱས་ནས་བསགས་པའི་ཡོང་འབབ་དང་རང་ཁྱིམ་གྱི་བསགས་དངུལ་ཚང་མ་བཏོན་ནས་བསྡོམས་སྒོར་ཁྲི་40ལྷག་ཙམ་གྱིས་ཐོག་བརྩེགས་གཉིས་ལྡན་གྱི་ལྷ་མོ་རུ་ཁག་གི་ཁང་པ་ཞིག་གསར་རྒྱག་བྱས་པས་སྒྱུ་རྩལ་ཚོགས་པར་རྒྱ་ཆེ་ལ་དཀར་ཆ་དོད་པའི་ནང་སྦྱོང་ཁང་དང་། གཞུང་ལས་ཁང་། ཐབ་ཚང་བཅས་ཡོད་པ་རེད། འོན་ཀྱང“སྐྱེས་པའི་མཐའ་མ་འཆི་བའི་འཇིག་རྟེན་ཆོས་ཉིད”འདི་ལས་སྐྱེ་བོ་སུ་ཞིག་ཀྱང་གཡོལ་ཐབས་བྲལ་བས་ཕ་དགེ་ལུང་ཡང་མི་རྣམས་ཀྱི་སྐྱོ་གདུང་དང་བློ་ཕམ་ཁྲོད་འཇིག་རྟེན་ཕྱི་མའི་ལམ་ལ་ཐད།
ཕ་དགེ་ལུང་ཚེ་ལས་འདས་ཀྱང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་ཨང་དང་པོར་འཇོག་པའི་སྙིང་སྟོབས་སྔར་བཞིན་གནས་ཡོད། ཕ་དགེ་ལུང་གི་བུ་སྟེ་ད་ལྟ་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་མིག་དམར་གྱིས་ཕ་ཡི་སྲོལ་བཟང་བུ་ཡིས་རྒྱུན་འཛིན་གྱིས་སྒྱུ་རྩལ་ཚོགས་པར་རོལ་ཆ་སྣ་ཚོགས་ཉོ་སྒྲུབ་བྱས་པ་དང་སྒྱུ་རྩལ་ཁང་ལ་དེ་སྔའི་འཁྲབ་སྟོན་པ་18ནས་ད་ཆ་འཁྲབ་སྟོན་པ་53བར་འཕེལ་རྒྱས་བཏང་བ་དང་། སྒྱུ་རྩལ་ཚོགས་པ་བཙུགས་པ་ནས་ད་བར་མི་170ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། གཏན་འཇགས་རྒྱུ་ནོར་དེ་འགོ་བཙུགས་མ་ཐག་པའི“ཀླད་ཀོར”ནས་ད་ལྟའི་སྒོར་ཁྲི་5000ཟིན་པ་དང་། འཁྲབ་སྟོན་པའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ཟིན་ཡོད། དེ་ཙམ་མ་ཟད་ཚོགས་གཙོ་མིག་དམར་གྱིས་ཆུང་ངུའི་དུས་ནས་པཱ་ལགས་ཀྱི་རྒྱུན་འཛིན་ལམ་བུར་རྒྱབ་སྐྱོར་བྱ་ཆེད་དང་འཚོ་བའི་གནོན་ཤུགས་ཆུང་དུ་གཏོང་ཆེད་དམའ་རིམ་སློབ་འབྲིང་ཐོན་རྗེས་ཁོང་གིས་ལས་ཡུལ་དུ་སྐྱེལ་འདྲེན་བྱེད་པ་དང་། རྐང་འཁོར་བཞོན་ནས་འོ་མ་དང་། ཞོ། ཞོག་ཁོག་སོགས་འཚོང་མྱོང་ཡོད། ཕ་ཚེ་ལས་མ་འདས་གོང་ཁོང་གིས་ཚོགས་པའི་ལས་དོན་ཁག་ལ་དོ་དམ་བྱེད་རོགས་བྱས་པ་དང་ཕ་འདས་རྗེས་སྒྱུ་རྩལ་ཚོགས་པའི་འགན་འཁུར། ཁོང་ཕ་བུ་གཉིས་ཀྱིས་ལྷ་མོའི་སྒྱུལ་རྩལ་ཐོག་ལེགས་སྐྱེས་ཆེན་པོ་ཕུལ་བ་མ་ཟད་ད་ཆ་ཚོགས་གཙོ་མིག་དམར་གྱི་བུ་ཡང་ལས་ཁུངས་ནས་རྩ་དགོངས་ཞུས་ཏེ་མིག་སྔར་སྒྱུ་རྩལ་ཚོགས་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པས་མིག་དམར་མི་རབས་གསུམ་དང་ལྷ་མོའི་སྒྱུ་རྩལ་གྱི་ལས་དབང་ཡང་དམ་པོར་འབྲེལ་ཡོད།
ལོ་འདི་དག་ནང་རྒྱལ་ཁབ་ཀྱི་ཡང་དག་སྲིད་ཇུས་འོག མིག་དམར་མི་རབས་གསུམ་གྱི་དཀའ་སྤྱད་འབད་འཐབ་དང་། སྒེར་སེམས་མེད་པའི་ལེགས་སྐྱེས། འཁྲབ་སྟོན་པ་རྣམས་ཀྱི་འབད་པ་ཧུར་ལེན་བཅས་ལས་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དེ་ནི་དམངས་ཁྲོད་ཟློས་གར་ཚོགས་པ་100ལྷག་ཙམ་གྱི་ཁྲོད་ནས“ལྷ་མོའི་འཁྲབ་གཞུང་བརྒྱད”ཆ་ཚང་འཁྲབ་སྟོན་བྱེད་ཐུབ་པའི་ཚོགས་པ་གཅིག་པུ་དེ་ཡིན་པ་དང་། ཚོགས་པ་དེས“ལྷ་མོའི་འཁྲབ་གཞུང་བརྒྱད”ཀྱི་གར་སྟེགས་ཟློས་གར་དང་སྲོལ་རྒྱུན་ཟློས་གར་གྱི་འོད་སྡེར་བཟོས་ཡོད། ལོ་30ལྷག་ཙམ་རིང་སྒྱུ་རྩལ་ཚོགས་པར“ལྗོངས་ཡོངས་ཀྱི་རིག་གནས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”དང“གཞི་རིམ་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་ཚན་པ”སོགས་ཀྱི་མཚན་སྙན་མང་པོ་ཐོབ་ཡོད། 2007ལོར“ཏང་གི་ཚོགས་ཆེན་བཅུ་བདུན་པར་བསུ་བ་ཞུ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི‘འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ’བཅས་ཀྱི་རིག་རྩལ་མཐུན་སྦྱོར་འཁྲབ་སྟོན”བྱེད་སྒོའི་ཁྲོད་གསེར་གྱི་བྱ་དགའ་2དང་། དངུལ་གྱི་བྱ་དགའ་4 ཟངས་ཀྱི་བྱ་དགའ་1བཅས་ཐོབ་པ་དང་། ད་དུང་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཞོ་སྟོན་སྐབས་དང་པོའི་ལྷ་མོའི་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོ་དང་སྒྲིག་འཛུགས་བྱ་དགའ་སོགས་ཐོབ་པ། 2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ནང་ལའང་ཞུགས་མྱོང་ཡོད།
གཞན་ཡང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཁྲོད་ད་དུང་ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་མང་པོ་ཞིག་གི་བུ་ཕྲུག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད་ཁོང་ཚོར་སྒྱུ་རྩལ་གྱི་གར་སྟེགས་ཐོག་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་གོ་སྐབས་བསྐྲུན་ཅིང་། སྲིད་གཞུང་གི་དབུལ་སྒྲོལ་ཁུར་པོ་ཡང་དུ་བཏང་ཡོད།
མདོར་ན། ལོ་འདི་དག་ནང་མིག་དམར་མི་རབས་གསུམ་གྱིས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅིང་། ཁོང་མི་རབས་གསུམ་གྱི་དཀའ་སྤྱད་འབད་ཐབས་ལས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཡོད་ལ་དེ་དང་བསྟུན་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་འདི་ལས་ཁོང་མི་རབས་གསུམ་ལ་སྒྱུ་རྩལ་གྱི་སྤྲོ་བ་ཞིག་དང་གཟི་བརྗིད་ལྡན་ལ་བླ་ན་མེད་པའི་འགན་འཁྲི་ཞིག་ཀྱང་སྤྲད་ཡོད་སྟབས་ཁོང་མི་རབས་གསུམ་དང་བོད་ཀྱི་ལྷ་མོའི་སྒྱུ་རྩལ་དབར་བྲལ་དུ་མེད་པའི་ལས་དབང་ཞིག་བཏོད་ཡོད། སླད་ཕྱིན་མིག་དམར་ཕ་བུ་གཉིས་ཀྱིས་ཕ་དགེ་ལུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་རྒྱུ་ཨང་དང་པོར་འཇོག་པའི་སྙིང་སྟོབས་དེ་རྒྱུན་འཛིན་བྱས་ཏེ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ལམ་བུ་སྔར་བས་ཡངས་ཤིང་རྒྱ་ཆེ་བ་ཞིག་གཏོད་དེ་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་ཤེས་རིག་བང་མཛོད་ཁྲོད་ལྷ་མོའི་སྒྱུ་རྩལ་གྱི་འོད་མདངས་སྔར་བས་ལྷག་པ་རྒྱས་ཐུབ་པ་བྱ་རྒྱུར་ཡིད་ཆེས་ཆེན་པོ་ཡོད།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། སྤེན་པ་བདེ་སྐྱིད་དང་སྤེན་སྒྲོན )