འདབ་བརྒྱ་ལྷུག་པོར་གྲོལ་བའི་བོད་ཀྱི་རིག་གནས་མེ་ཏོག
འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་མི་སྣས་ཞིང་འབྲོག་ཁུལ་དུ་ཐེངས་མང་བསྐྱོད་དེ་གསར་རྩོམ་བྱས་པའི་དངོས་མཚོན་ལྷ་མོ《སྒྲ་སྙན་གྱི་ལས་འཕྲོ》གྲོང་སྡེ་དང་འབྲོག་སར་འཁྲབ་སྟེ་ཏང་གི་སྲིད་ཇུས་བཟང་པོ་དུད་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱས་པ་རེད།
གསར་རྩོམ་དངོས་མཚོན་ལྷ་མོ《སྒྲ་སྙན་གྱི་ལས་འཕྲོ》ནི་བཀྲ་ཤིས་དཔལ་ལྡན་ལགས་ཀྱི་བོད་ཡིག་བརྩམས་སྒྲུང《རྒྱུད་སྐུད་སྟེང་གི་རྣམ་ཤེས》ལས་དྲངས་ཤིང་། བོད་རྙིང་པའི་ནུབ་རྒྱུད་ཀྱི་མདོག་གཞོང་གཞིས་ཀ་རྒྱབ་ལྗོངས་སུ་བྱས་ཏེ་སྒྲ་སྙན་དཀྲོལ་མཁན་པད་སྒྲོན་དང་གཞིས་ཀའི་སྲས་རྣམ་རྒྱལ་ཕུན་ཚོགས་ཀྱི་གཏམ་རྒྱུད་བརྒྱུད། བོད་གསར་རྙིང་གི་མིའི་ལས་དབང་དང་འཚོ་བ་མི་འདྲ་བ་བརྗོད་དེ་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་མདངས་འོག་བོད་ཀྱི་སྤྱི་ཚོགས་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་དངོས་སུ་མཚོན་པར་བྱས་ཡོད།
གསར་རྩོམ་དངོས་མཚོན་ལྷ་མོ《སྒྲ་སྙན་གྱི་ལས་འཕྲོ》ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་སྐབས་ལྔ་པའི་གསེར་གྱི་བྱ་དགའ་ཐོབ་པའི་ལེ་ཚན་ཡིན་ལ་རྒྱལ་ཁབ་རིག་གནས་སྒྱུ་རྩལ་ཐེབས་རྩའི་བརྒྱུད་སྤེལ་དང་། སྤེལ་རེས། ཁྱབ་གདལ་བཅས་ཀྱི་ལེ་ཚན་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་འདི་ལོ་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་རྒྱལ་ཁབ་ཀྱི་རིག་གནས་སྒྱུ་རྩལ་ཐེབས་རྩའི《སྒྲ་སྙན་གྱི་ལས་འཕྲོ》བརྒྱུད་སྤེལ་དང་། སྤེལ་རེས། ཁྱབ་གདལ་བཅས་བྱ་རྒྱུ་དང་ཆབས་ཅིག སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་གར་སྟེགས་ཅན་དང་གྲངས་གཞི་ཅན་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་བརྗོད།
ལོ་འགའ་ཤས་རིང་། བོད་ཀྱི་སྲོལ་རྒྱུན་ལྷ་མོའི་སྙིང་བཅུད་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་མ་ཟད། འཕོ་འགྱུར་གསར་པ་ཡང་བྱུང་བའི་ཁར་ད་དུང་འཚོ་བ་དངོས་ལ་དོ་ཁུར་དང་དེ་རྣམས་མཚོན་འགོ་ཚུགས་ཡོད། དངོས་མཚོན་གསར་རྩོམ་ལྷ་མོ《སེར་མདོག་གི་ཁྱིམ་གཞིས》དང《སྒྲ་སྙན་གྱི་ལས་འཕྲོ》ལ་གདེང་འཇོག་བཟང་པོ་ཐོབ་པ་དང་། གླུ་གར《ཐུ་རན་ཏོ》ལྷ་མོའི་ལམ་ནས་པེ་ཅིང་དུ་འཁྲབ་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིག་རྩལ་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་རིག་རྩལ་ལས་དོན་པ་སྐུལ་སློང་གིས་རྒྱལ་གཅེས་གསར་བརྗེའི་ལོ་རྒྱུས་གལ་ཆེན་གྱི་བརྗོད་གཞི་དང་། དོན་དངོས་ཀྱི་བརྗོད་གཞི། གྲོང་གསེབ་ཀྱི་བརྗོད་གཞི་བཅས་དང་། དེ་བཞིན“ཀྲུང་གོའི་ཕུགས་འདུན”བརྗོད་དོན་གཙོ་བོར་བྱས་པའི་གསར་རྩོམ་གྱི་ཚ་རླབས་ཤིག་འཕྱུར་བ་དང་། དུས་རབས་ཀྱི་སྙིང་སྟོབས་དང་། བོད་ཀྱི་ཁྱད་ཆོས་མངོན་པ་མ་ཟད། སྒྱུ་རྩལ་གྱི་རང་བཞིན་དང་། མྱོང་རོལ་གྱི་རང་བཞིན། བསམ་བློའི་རང་བཞིན་བཅས་གཞི་གཅིག་ཏུ་བསྡུས་པ་དང་མང་ཚོགས་ཀྱིས་མཐོང་འདོད་ལ་ཉན་སྤྲོ་བའི་གར་སྟེགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་མང་དག་ཅིག་འཁྲབ་པ། རྒྱལ་ཡོངས་སུ་ཤུགས་རྐྱེན་དང་སྐད་གྲགས་ཆེན་པོ་ཡོད་པའི་ཕུལ་བྱུང་ཤེས་ལྡན་པ་མང་དག་ཅིག་གསོ་སྐྱོང་བྱས་པ་བཅས་ལས་ལྗོངས་ཡོངས་ཀྱི་གླུ་གར་དང་། ལྷ་མོ། གཞས་མ་གཏམ། གཏམ་བརྗོད་ཟློས་གར་སོགས་རིགས་མི་འདྲ་བའི་སྒྱུ་རྩལ་གསར་རྩོམ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་དངོས་མཚོན་གཏམ་བརྗོད་ཟློས་གར《བཀྲ་ཤིས་སྒང》དང་། གསར་བརྗེའི་ལོ་རྒྱུས་ཀྱི་བརྗོད་གཞིའི་གཏམ་བརྗོད་ཟློས་གར《བཅིངས་འགྲོལ། བཅིངས་འགྲོལ》 རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་གཞི་གལ་ཆེན་གྱི་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》 གྲོང་སྡོད་ཀྱི་བརྗོད་གཞིའི་གཏམ་བརྗོད་ཟློས་གར《རྒྱ་ལྕང་གཡོན་འཁྱིལ་མ་སྲུང་བ》 དངོས་ལྗོངས་ཟློས་གར《ཝུན་ཤིང་ཀོང་ཇོ》དང་། 《བདེ་སྐྱིད་ལམ་ན་ཡོད》 《ཡིད་དབང་འཕྲོག་པའི་ལྷོ་ཁ》 《ཇོ་མོ་གླང་མའི་འཇའ་ཚོན》 《ཤམ་བྷ་ལ་འཚོལ་བ》 《དར་ཞིང་རྒྱས་པའི་བྱང་ཐང》 《རྨི་ལམ་དུ་གུ་གེར་ལོག་པ》སོགས་ཀྱི་བརྩམས་ཆོས་ལས་ལྗོངས་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། གཏམ་བརྗོད་ཟློས་གར《སྲོང་བཙན་སྒམ་པོ》ལ་རྒྱལ་ཡོངས་ཀྱི་གཏམ་བརྗོད་ཟློས་གར་གྱི་ཕུལ་བྱུང་འཁྲབ་གཞུང་བྱ་དགའ་རག་པ་དང་། 《བཙན་པོའི་བུ་རྒྱུད》ལ་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་བརྗོད་གཞིའི་འཁྲབ་གཞུང་གི་གསེར་གྱི་བྱ་དགའ་རག་པ། གྲགས་ཅན་གྱི་ལྷ་མོའི་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་དཔལ་ལྡན་དབང་ཕྱུག་ལ་སྐབས་26པའི་ཀྲུང་གོའི་ཟློས་གར་གྱི་དཔྱིད་མགོའི་མེ་ཏོག་བྱ་དགའ་རག་པ་རེད།
2013ལོར་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《ཝུན་ཤིང་ཀོང་ཇོ》ལྷ་སར་འཁྲབ་འགོ་ཚུགས་ཤིང་། མངའ་ཐང་རྒྱས་པའི་ཐང་རྒྱལ་རབས་ཀྱི་སྐབས་སུ་བོད་དང་ནང་སའི་དབར་མཐུན་སྦྱོར་གཉེན་སྒྲིག་བྱས་པའི་སྐོར་བརྗོད་ཡོད། ལོ་5རིང་གི་དཀའ་ངལ་ཁྱད་བསད་དང་དཀའ་སྤྱད་འབད་འབུངས་བརྒྱུད《ཝུན་ཤིང་ཀོང་ཇོ》ཡི་འཁྲབ་སྟོན་གྱི་སྤུས་ཚད་དང་། སྤུས་རྟགས་བཟང་ཚད། པ་སེ་འཚོང་ཚད་སོགས་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད། དེ་དང་ཆབས་ཅིག་ཟློས་གར་དེས་ཉེ་འཁོར་གྱི་ཞིང་འབྲོག་པའི་དབུལ་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། འཁྲབ་སྟོན་ལས་མི་800ལྷག་ཙམ་ལས་ཡུལ་དེ་རང་གི་ཞིང་འབྲོག་པས་95%ཟིན་གྱི་ཡོད།
《གྱིམ་ཤིང་ཀོང་ཇོའི》སྤྱི་ཁྱབ་འཁྲབ་ཁྲིད་པ་ཧྲའོ་ཙེ་ཧུའེ་ཡིས་གྱིམ་ཤིང་ཀོང་ཇོ་དང་ཁྲི་ལྡེ་གཙུག་བཙན་དབར་མཐུན་སྦྱོར་གཉེན་སྒྲིག་གི་འབྲེལ་བ་བཙུགས་པའི་མཛད་རྗེས་ལ་བརྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད་ལ་དེའི་ཐད་དུས་འགོའི་བརྟག་ཞིབ་དང་ལོ་རྒྱུས་ཁུངས་འཚོལ་ལས་དོན་མང་པོ་ཞིག་ཀྱང་བསྒྲུབས་ཡོད། ང་ཚོས་ད་ལྟའི་མཚོན་ཚུལ་ལ་བརྟེན་ནས་གར་སྟེགས་ཐོག་གྱིམ་ཤིང་ཀོང་ཇོའི་ངོ་མཚར་ཆེ་བའི་ཚེ་གང་མཚོན་པར་བྱེད་རྩིས་ཡོད། འདི་ལོའི་ཟླ་5པ་ནས་བཟུང་བསམ་བློ་ཡང་ཡང་བཏང་ནས་འཁྲབ་གཞུང་ལ་སྔ་རྗེས་སུ་བཟོ་བཅོས་ཐེངས་4ཙམ་བརྒྱབ་ཡོད། མིག་སྔར་འཁྲབ་གཞུང་གི་ནང་དོན་ཞིབ་ཕྲ་ཁག་གཅིག་བསམ་བློ་གཏོང་བཞིན་ཡོད་པས། དངོས་སུ་འཁྲབ་སྟོན་བྱེད་སྐབས་བློ་ཡིད་ཚིམ་པའི་བརྩམས་ཆོས་ཤིག་བཤམས་ནས་བོད་རྒྱ་མི་རིགས་དབར་འཆམ་མཐུན་གྱི་ལོ་རྒྱུས་ཀྱི་སྙན་ངག་ཅིག་མཚོན་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
མིག་སྔར་རང་ལྗོངས་སུ་ཆེད་ལས་རིག་རྩལ་ལས་དོན་མི་སྣ་3000ལྷག་ཡོད་པ་དང་། ལས་ཞོར་རིག་རྩལ་གསར་གཏོད་དང་འཁྲབ་སྟོན་ཧུར་བརྩོན་ཅན་ཁྲི་སྟོང་མང་པོ་ཡོད་ཅིང་། བོད་རིགས་ཆེད་ལས་རིག་རྩལ་ལས་དོན་མི་སྣས་རིག་རྩལ་ལས་དོན་མི་སྣའི་བསྡོམས་འབོར་གྱི་80%ཡན་བཟུང་ཡོད་ལ་ཧུད་རིགས་དང་། ལྷོ་པ། མོན་པ། སྟེང་པ། ཤར་པ་བཅས་ཀྱི་མི་རིགས་ལའང་སོ་སོའི་རིག་རྩལ་ལས་དོན་མི་སྣ་ཡོད་པས། བོད་རིགས་གཙོ་བོར་བྱས་པའི་མི་རིགས་ཁག་གི་རིག་རྩལ་ལས་དོན་གྱི་དཔུང་ཁག་ཅིག་རིམ་བཞིན་གྲུབ་ཡོད། དུས་རབས་གསར་པར་བོད་ཀྱི་ལྗོངས་ཡོངས་ཀྱི་རིག་རྩལ་བྱ་གཞག་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་བཞིན་ཡོད་ལ་རིག་གནས་མེ་ཏོག་གི་འདབ་བརྒྱའང་ལྷུག་པོར་གྲོལ་བཞིན་ཡོད།