ཕྱུགས་རྫི་བ་ནས་འཁྲབ་སྟོན་པའི་བར།
ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉི་མ་ཚེ་རིང་གིས་ཡར་ཀླུང“བཀྲ་ཤིས་ཞོལ་པའི”འབག་སེར་པོ་གྱོན་ནས་ད་བར་ལོ་40འགྲོ་གྲབས་ཡོད་པ་རེད།
མི་ཚེ་ཕྱེད་ཀ་ཙམ་ལྷ་མོ་འཁྲབ་པའི་ཉི་མ་ཚེ་རིང་གིས་སྔར་བཞིན་གར་སྟེགས་ཐོག་རྣམ་ཐར་གཏོང་བ་དང་གཟུགས་པོའི་སྟངས་སྟབས་གང་ཅིའི་ཐད་ན་གཞོན་ཕོ་གསར་ལྟར་བདེ་ལྕག་འཁྱུག་པོ་ཡོད།
གྲུབ་འབྲས་ཐོབ་པའི་ཁོང་ནི་དེ་སྔ་ཕྱུགས་རྫི་ཞིག་ཡིན་པ་སུས་ཀྱང་བསམ་བློ་འཁོར་མི་སྲིད།
ཉི་མ་ཚེ་རིང་ནི་ཆུང་དུས་ནས་སྒྲུང་ཉན་རྒྱུར་དགའ་པོ་ཡོད་པ་དང་ཁོང་གིས་དགའ་ཤོས་ནི་རྨོ་བོ་ལགས་ཀྱིས་ཤོད་པའི་ལྷ་མོའི་སྲོལ་གཏོད་པ་ཐང་སྟོང་རྒྱལ་པོས་ལྷ་མོ་བདུན་མི་ཡུལ་དུ་གདན་དྲངས་ནས་ལྷ་མོ་འཁྲབ་པའི་སྐོར་གྱི་གཏམ་རྒྱུད་དེ་རེད།
ཁོམ་པ་བྱུང་མ་ཐག་ཉི་མ་ཚེ་རིང་གིས་གྲོང་ཚོའི་ནང་གི་གཡུལ་ཐང་དུ་བསྐྱོད་དེ་ལྷ་མོའི་འཁྲབ་སྟོན་ལ་བལྟ་བ་དང་། གར་སྟེགས་ཐོག་གི་བརྗིད་ཉམས་དོད་པའི་རྒྱན་གོས་དང་། སྐད་གདངས་ཤུགས་དང་ལྡན་པ། མཐོང་སྣང་ལ་ཉམས་དོད་པ་བཅས་ཀྱི《ཆོས་རྒྱལ་ནོར་བཟང》ནང་གི་མི་སྣ་གཙོ་བོ་ཆོས་རྒྱལ་ནོར་བཟང་གི་ཉམས་འགྱུར་དེ་ཁོང་ལ་བསུབ་ཐབས་བྲལ་བའི་བག་ཆགས་བཞག
ཉི་མ་ཚེ་རིང་གིས་རྟག་ཏུ་ཕྱུགས་འཚོ་སྐབས་ལྷ་མོའི་ནང་གི་རྣམ་ཐར་གྱི་ལད་མོ་བྱས་ཏེ་ཆུང་དུས་ནས་ལྷ་མོ་འཁྲབ་པའི་རྨང་གཞི་བཏིང་ཡོད།
1987ལོར་ཉི་མ་ཚེ་རིང་ལོ་16ལ་སླེབས་པ་དང་ལྷ་མོ་རུ་ཁག་གི་རྒན་པད་མ་དོན་གྲུབ་ལགས་ཀྱིས་ཁོང་བློ་ལ་བབ་པོ་བྱུང་སྟེ་ལྷ་མོ་རུ་ཁག་ནང་བསྡུས་པ་རེད།
ལྷ་མོ་འཁྲབ་པར་རྩ་བའི་རྩལ་ནུས་ལྡན་དགོས་པ་དང་ལས་ཀའང་བརྟན་པོ་མེད་པས་མི་མང་པོ་ཞིག་གི་འདོད་པར་བབ་ཀྱི་མེད། འོན་ཀྱང་ཉི་མ་ཚེ་རིང་གི་ཁྱིམ་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དེ་ནི་ཁོང་གི་སྒུལ་ཤུགས་ཆེ་ཤོས་སུ་གྱུར་བ་རེད།
ལྷ་མོ་འཁྲབ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཞིང་། ཕྱུགས་རྫི་ཞིག་ནས་གློ་བུར་དུ་འཁྲབ་སྟོན་པ་ཆུང་ཆུང་ཞིག་ཏུ་གྱུར་རྗེས་ཉི་མ་ཚེ་རིང་གིས་རང་ཉིད་ཀྱི་ལས་འགན་དེ་སྤྱིར་བཏང་མིན་པའི་ཚོར་སྣང་བྱུང་།
དེས་ན་ལྷ་མོ་འཁྲབ་རྒྱུ་དེ་ལས་སླ་པོ་ཞིག་མིན།
ཉི་མ་ཚེ་རིང་གིས་ཆོས་རྒྱལ་ནོར་བཟང་འཁྲབ་འདོད་ཀྱང་རྒན་ལགས་ཀྱིས་ཁོང་མི་སྣ་ཕལ་པ་སྦྱོང་དུ་བཅུག་པ་མ་ཟད། བུད་མེད་ཅིག་འཁྲབ་དགོས་པས་ཁོང་ཡིད་ཧ་ཅང་ཕམ་པོ་བྱུང་ཡོད།
འོན་ཀྱང་ཉི་མ་ཚེ་རིང་གིས་དེར་ཡིད་ཐང་མ་ཆད་པར་སློབ་ཚན་གྱི་བར་གསེང་དུ་རྟག་ཏུ་རྒན་རབས་ཚོའི་གམ་ནས་འཁྲབ་བྱའི་མི་སྣ་གཞན་དག་སློབ་སྦྱོང་བྱས་པ་མ་ཟད། དུས་ཡུན་ལོ་14ཡི་ནང་ལྷ་མོའི་འཁྲབ་གཞུང་ཡོངས་ཀྱི་མི་སྣ་ཚང་མ་ཁོང་དུ་ཆུད་པ་རེད།
ལོ་9སོང་རྗེས་མཐར་ཉི་མ་ཚེ་རིང་ལ་གོ་སྐབས་འཕྲད་ཡོད།
ལྷ་མོ་ཚོགས་པའི་ནང་གི་ཆོས་རྒྱལ་ནོར་བཟང་གི་འཁྲབ་སྟོན་པ་ལས་འཁྱུར་ངལ་གསོ་བརྒྱབ་པས་པད་མ་དོན་གྲུབ་ཀྱིས་ཉི་མ་ཚེ་རིང་ལ་ཆོས་རྒྱལ་ནོར་བཟང་འཁྲབ་ཏུ་བཅུག་ཡོད། ཉི་མ་ཚེ་རིང་གིས་སྐབས་དེ་དུས་ཀྱི་རྣམ་པ་དྲན་གསོ་བྱེད་སྐབས་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“སྙིང་ཡང་ཕྱིར་དོན་གྲབས་ཡོད་པའི་ཚོར་སྣང་བྱུང་། ཆོས་རྒྱལ་ནོར་བཟང་འཁྲབ་པའི་ཉིན་དང་པོ་དེར་ལྟད་མོ་བ་ཧ་ཅང་མང་བས་ང་དངངས་སྐྲག་ཆེན་པོ་སྐྱེས་ནས་རྔུལ་ཆུའང་ཤོར་བྱུང་། འོན་ཀྱང་རྔ་སྒྲ་ཐོས་མ་ཐག་ངའི་སྐྲག་སྣང་ཚང་མ་ཡལ་ནས་སྔོན་ཆད་སྦྱངས་མྱོང་བའི་སྒྲ་མདངས་དང་སྟངས་སྟབས་རེ་རེ་བཞིན་དྲན་གསོས་བྱུང”ཞེས་བཤད། མ་གཞི་འཁྲབ་བྱའི་མི་སྣ་གཙོ་བོའི་ཐོབ་ཐང་ཐོག་ནས་འཁྲབ་སྟོན་བྱེད་ཐེངས་དང་པོ་ཡིན་མོད། འོན་ཀྱང་ཁོང་ལ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་ཐོབ་ཡོད།
མིའི་མི་ཚེ་གཅིག་ནང་ལོ་དགུ་བྱས་པ་ཇི་ཙམ་ཡོད་པ་ཉི་མ་ཚེ་རིང་གིས་བསམ་བློ་གཏོང་མྱོང་མེད་མོད། འོན་ཀྱང་ཁོང་གིས་འབག་སེར་གྱོན་རྗེས་དེ་དག་ཚང་མ་བྱེད་རིན་ཡོད་པ་ཞིག་ཡིན་པའི་ཚོར་སྣང་བྱུང་ཡོད།
རྗེས་སུ་ཁོང་ཡང་ལྷ་མོ་རུ་ཁག་གི་དགེ་རྒན་དུ་གྱུར་བ་མ་ཟད། ད་དུང་ལྷ་མོ་ཚོགས་པའི་ལྟོ་གོས་འཚོལ་ཆེད་ལྷ་སའི་བར་སྐོར་ཁྲོམ་གཞུང་དུ་འཁྲབ་སྟོན་བྱས་ནས་འགྲོ་གྲོན་བསགས་ཡོད།
ལོ་ཟླ་རིམ་བཞིན་འདས་པ་དང་སྦྲགས་ལྷ་མོ་འཁྲབ་རྒྱུ་དེའང་མི་ཚེའི་དོན་སྙིང་ཞིག་ཏུ་གྱུར་ཞིང་། ད་ཆ་ཡར་ཀླུང“བཀྲ་ཤིས་ཞོལ་པའི”ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོར་གཏན་འཁེལ་བྱས་པ་དང་། ཉི་མ་ཚེ་རིང་ཡང་ལྷ་མོ་དེའི་རྒྱུན་འཛིན་པ་མི་རབས་བཅུ་གཅིག་པར་གྱུར་ཡོད། དེས་ན་དེ་སྔའི་ལྷ་མོ་རུ་ཁག་ཆུང་ཆུང་དེར་ཡང་ཁོངས་མི་31དང་སྨི་ངོས་གྲུ་470ཡོད་པའི་ཁྲིད་སྦྱོང་ཁང་ཞིག་ཡོད་པ་རེད།
ཉི་མ་ཚེ་རིང་ལ་དུས་ནམ་ཞིག་ལས་འཁྱུར་ངལ་གསོ་རྒྱག་པའི་སྐོར་འདྲི་སྐབས་ཁོང་གིས“ལྷ་མོ་རྒྱུན་འཛིན་བྱེད་པར་ངས་ད་དུང་བྱ་བ་མང་པོ་ཞིག་སྒྲུབ་དགོས་པས་ལས་འཁྱུར་ངལ་གསོ་རྒྱག་དགོས་པ་སེམས་ནང་འཁོར་མྱོང་མེད”ཅེས་བློ་ཐག་ཆོད་པོས་བཤད།