དབུ་ཤོག>བོད་ཀྱི་རིག་གནས།
  • ལྷ་མོའི་སྒྱུ་རྩལ་ངོ་མཚར་རབ་ཏུ་བཞད། སྐྱེ་འགྲོ་ཀུན་གྱི་མིག་གི་གསོས་སུ་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-18

    gongrq87944.jpg

    gongrq87938.jpg

    མཚན་གང་པོ་འབྲུག་ཆར་བབས་རྐྱེན་མི་མང་པོ་ཞིག་གཟའ་མཇུག་ལ་ཞོགས་ཉལ་སྐྱིད་པོ་ཞིག་རྒྱག་འདོད་པའི་སྐབས་སུ་སྟོད་ལུང་བདེ་ཆེན་ཆུས་ས་མཚམས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་ཚོ་ཞོགས་པ་སྔ་པོ་ནས་ལས་ལ་བྲེལ་བཞིན་མཆིས། “ང་ཚོ་འཁྲབ་སྟོན་ལ་འགྲོ་སའི་ས་ཆར་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཅིག་ཙམ་འགྲོ་དགོས་སྟབས་ཚོགས་གཙོས་ང་ཚོར་ཆུ་ཚོད་བདུན་པ་ཙམ་ནས་གྲ་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་བྱུང”ཞེས་ལོ་22ལ་སླེབས་པའི་འཁྲབ་སྟོན་པ་པ་སངས་ཀྱིས་བཤད།

    gongrq87943.jpg

    དགུང་ལོ་80ལ་སླེབས་པའི་རྒད་པོ་དོན་གྲུབ་ཚེ་རིང་དང་རྒན་རྒོན་གཞན་གཉིས་ས་མཚམས་ལྷ་མོ་ཚོགས་པའི་ལས་མི་གཞན་དག་ལས་སྔ་བ་སླེབས་ཡོད། ལྷ་མོ་ཚོགས་པ་མ་སླེབས་གོང་རྒད་པོ་དོན་གྲུབ་ཚེ་རིང་གིས་སྡོད་ས་བཟུང་ཟིན་ཞིང་། ཁོང་གིས་གསར་འགོད་པར་ང་ཆུང་དུས་ནས་ལྷ་མོ་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། ཡིན་ནའང་སྐབས་དེ་དུས་ལོ་ན་ཕྲ་བས་ལོ་40ལ་སླེབས་སྐབས་མ་གཏོགས་ལྷ་མོའི་སྙིང་པོ་རྟོགས་མ་བྱུང་། ད་ཆ་མ་གཞི་མིག་ཤེད་ཉམས་ནའང་ལྷ་མོའི་འཁྲབ་སྟོན་ཡོད་ཕྱིན་ལྟ་བར་ཡོང་གི་ཡོད། ཐང་ཆེན་དུ་འཁྲབ་སྟོན་བྱས་ན་མི་ཚང་མས་ལྷ་མོ་ལྟ་ཐུབ་པ་དང་སེམས་པའང་སྐྱིད་པོ་འདུག་ཅེས་བཤད།

    gongrq87939.jpg

    ས་མཚམས་ལྷ་མོ་ཚོགས་པས་འཁྲབ་པའི་ལྷ་མོའི་གཞུང་ནི《ཆོས་རྒྱལ་ནོར་བཟང》ཡིན་ཞིང་། ཆེད་ལས་མཁས་པས《ཆོས་རྒྱལ་ནོར་བཟང》ནི་བོད་ཀྱི་སྲོལ་རྒྱུན་ལྷ་མོ་ཆེ་གྲས་བརྒྱད་ཀྱི་ནང་འཁྲབ་ཁག་ཤོས་ཀྱི་གཞུང་ཡིན་པས་ཕྱིས་སུ་འཁྲབ་གཞུང་མང་པོ་ཞིག་ནང《ཆོས་རྒྱལ་ནོར་བཟང》གཞུང་གི་འགྲོ་སྟངས་ལ་ལད་ཟློས་བྱས་ཡོད། ལྷག་དོན་དུ་ལྷ་མོའི་གཞུང་འགོ་འཛུགས་སྐབས་རྟག་ཏུ“རྔོན་པ་འདོན”པའི་ཆ་ཤས་ལ་རྒྱ་ལུ་2དང་། རྔོན་པ་7 མཁའ་འགྲོ་7བཅས་དགོས་པ་དེ་དག་ཆགས་སྟངས་ཆགས་ལུགས་ནི《ཆོས་རྒྱལ་ནོར་བཟང》ལས་བྱུང་བ་ཞིག་རེད་ཅེས་ཤོད་ཀྱི་ཡོད།

    རྣམ་ཀུན་ཡིན་ན“རྔོན་པ་འདོན”སྐབས་རྔོན་པ་ཚང་མ་འབག་གྱོན་དགོས་སྟབས་ལྟད་མོ་བས་འཁྲབ་མཁན་གྱི་ལུས་གཟུགས་དང་སྐད་གདངས་མ་གཏོགས་ཁོང་ཚོའི་ལོ་ཚོད་རྟོགས་ཁག་པོ་ཡོད། ཡིན་ནའང་ས་མཚམས་ལྷ་མོ་ཚོགས་པའི་སྤེན་པ་ཟེར་བའི་འཁྲབ་སྟོན་པ་ཞིག་གི་ཤུད་ཙེ་ལས་ཁོང་སུ་ཡིན་མིན་མི་ཚོས་ལམ་སེང་ཤེས་ཀྱི་ཡོད།

    gongrq87940.jpg

    འཁྲབ་སྟོན་ཚོགས་པའི་གྲས་སུ་སྤེན་པའི་ཤུད་ཙེ་ཧ་ཅང་མངོན་གསལ་དོད་ཅིང་། རྟིང་པར་སྦྱར་བའི་ཀོ་བ་ནག་པོ་ཧྲལ་ཧྲུལ་དུ་གྱུར་པ་དེ་མ་ཐོར་བའི་ཆེད་དུ་སྤེན་པས་སོ་མ་ར་ཙའི་སྐུད་པས་བཙེམས་ཡོད། སྤེན་པ་ས་མཚམས་ལྷ་མོ་འཁྲབ་པར་ཞུགས་ནས་ལོ་30སོང་ཞིང་། ལོ་ན་ཕྲ་བའི་རྔོན་པ་ནས་ལོ་ན་བགྲེས་པའི་ཉ་པ་བར་ཁོང་གིས་མི་སྣའི་གཟུགས་བརྙན་མང་པོ་ཞིག་འཁྲབ་མྱོང་། གཟུགས་བརྙན་གང་འདྲ་ཞིག་འཁྲབ་ཀྱང་ད་བར་ཤུད་ཙེ་དེ་ལས་གཞན་བརྗེ་མྱོང་མེད་པ་འཁྲབ་ཆས་བརྗེ་བའི་བར་གསེང་དུ་གསར་འགོད་པས་ཤེས་བྱུང་།

    ལྷ་ས་གྲོང་ཁྱེར་རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གཞུང་ལས་ཁང་གི་ལས་དོན་པ་ནོར་བཟང་ནི་སྟོད་ལུང་བདེ་ཆེན་ཆུས་ལྷ་མོ་འཁྲབ་སྟོན་གྱི་ཞིབ་དཔྱད་ཨུ་ཡོན་གྱི་གྲས་ཤིག་ཡིན་ཞིང་། ཁོང་གིས་དམངས་ཁྲོད་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་ཚང་མ་ཞིང་འབྲོག་པ་ཡིན་པ་དང་མི་གཅིག་ལྷ་མོ་འཁྲབ་དུས་ནང་མི་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་། “སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ཡག་ཤོས་ནི་མང་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་རྒྱུ་དེ་ཡིན། ས་མཚམས་ལྷ་མོ་ཚོགས་པ་ད་རེས་ཀྱི་འཁྲབ་སྟོན་ལ་ཞུགས་པ་དང་འདྲ་བར། ཁོང་ཚོའི་ནང་མིས་མ་གཞི་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ལྷ་མོ་ཚོགས་པ་ད་རེས་ཀྱི་འགྲན་བསྡུར་ལ་ཞུགས་པ་གྲོང་ཚོས་ཤེས་རྗེས་དངུལ་སྒོར་ཁྲི་6ཞལ་འདེབས་བརྒྱབ་ནས་ཁོང་ཚོར་འཁྲབ་ཆས་ཉོས་ཡོད། 《ཆོས་རྒྱལ་ནོར་བཟང》གི་འཁྲབ་གཞུང་བར་སྐབས་ཤིག་རིང་ལོ་གསུམ་ཙམ་འཁྲབ་རྒྱུན་ཆད་ཅིང་། ད་རེས་ནི་ཡང་བསྐྱར་སྦྱངས་རྗེས་འཁྲབ་སྟོན་བྱེད་ཐེངས་དང་པོ་ཡིན་ཞེས་ལྷ་མོའི་དགེ་རྒན་གྱིས་བཤད། དུས་ཚོད་ཛ་དྲག་པའི་དབང་གིས་འཁྲབ་སྟོན་དེ་ནི་ནང་སྦྱོང་ཞིག་ཡིན་ལ་གཟིགས་འབུལ་འཁྲབ་སྟོན་ཞིག་ཀྱང་རེད་ཅེས་ནོར་བཟང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།