དབུ་ཤོག>བོད་ཀྱི་རིག་གནས།
  • གཏིང་སྐྱེས་ཁུལ་གྱི་ལས་གཞས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-01

    ༡.ཞིང་ཆུ་གཏོང་བའི་གཞས།

    རྐ་མགོ་ཡ་གུང①རྒྱལ་པོ། །ཡ་གུང་རྒྱལ་པོའི་སྒྲུབ་ཆུ། །འོང་ཁའི་ནང་ལ་བཏང་ཡོད། །འོང་སྟོད་སྐྱེ་རྩལ་བཟང་བ། །འོང་སྨད་འབྲུ་སྣ་འཛོམས་པ། །རྩ་བ་འབུ་ཡིས་མ་འཕྲོག །སྐེད་པ་གཞུ་ཉལ་དིབ་དིབ། །རྩེ་མོ་སད་ཀྱིས་མ་འཁུར། །འབྲུ་སྣ་དཔུང་གདང་ཤིག་ཤིག །

    ༢.རྨོ་འདེབས་ཀྱི་གཞས།

    ཁྱུང་དཀར་མཛོ་ཕོའི་ལུས་ལ། །ནག་པོའི་ས་འདུལ་བསྐོས་སོང་། །ཉ་དང་གཉིས་རོལ་མ་གཏོང་། །ལན་གཅིག་ཚུར་ལ་ལོག་ཤོག །ནག་པོའི་ས་འདུལ་ཚར་ན། །སྤང་པོའི་རི་ལ་རྒྱུག་ཤིག །སྤང་པོའི་རི་ལ་ཕྱིན་ན། །རི་ཡི་སྨིན་དྲུག་འདྲ་བ། །

    ༣.སྐྱ་ལས②བྱེད་པའི་གཞས།

    ལྕགས་ཀྱི་ཨང་པ③འཁུར་ནས། །ས་གཞི་གཡབ་ཤོག་གསུངས་བྱུང་། །ས་གཞི་གཡབ་པ་དྲག་པ། །ས་འཇོག་གཞོག་པ་ཁག་བྱུང་། །སག་གི་བཟའ་འགྲོས་མ་ཤེས། །རྟ་ལམ་གཅོད་པར་ཤོར་སོང་། །ཡུ་རིང་ཨ་ཙ་ར་ཡི། །སྣ་ཁུང་འདྲ་ཞིག་དགོས་ཡོད། །ཡུ་རིང་ཕྲ་མོ་ཨོ་ཤེ། །ཡུ་ཐུང་གཏོང་རོགས་གནང་དང་། །ཡུ་ཐུང་ཕྲ་མོ་ཨོ་ཤེ། །མས་སེལ་གཏོང་རོགས་གནང་དང་། །མས་སེལ་ཕྲ་མོ་ཨོ་ཤེ། །ཡས་སེལ་གཏོང་རོགས་གནང་དང་། །ཡས་སེལ་ཕྲ་མོ་ཨོ་ཤེ། །འབྲས་ལྗང་གཏོང་རོགས་གནང་དང་། །

    མཆན་འགྲེལ། ①ཡ་གུང་།—ཡུལ་ལྷའི་མིང་། ②སྐྱ་ལས།—ཞིང་ཁ་བཏབ་ཚར་རྗེས་ཞིང་ཁར་གླང་མ་འཐེན་པ།

    ③ཨང་པ།—གླང་མ་འཐེན་བྱེད་ཀྱི་ལྕགས་ཁྱེམ་ཞིག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།