སྤྱི་ལོ་2017ལོའི་བོད་ཀྱི་ལྷ་མོའི་དོན་ཆེན་བཅུ་དགུ།
སྨྱུག་འཛིན་པའི་གཏམ།
ལོ་རྒྱུས་ཀྱི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་། ལྟད་མོའི་རིན་ཐང་།བསླབ་བྱའི་རིན་ཐང་བཅསཆེས་ཆེར་ལྡན་པའི་ལྷ་མོའི་སྒྱུ་རྩལ་ནི་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་ཡ་གྱལ་ཞིག་ཡིན་པ་དང་། ཉེ་བའི་ལོའི་ནང་བོད་ལྗོངས་ཁྱོན་དུ་ལྷ་མོའི་སྒྱུ་རྩལ་གྱི་བྱེད་སྒོ་ཟམ་མི་ཆད་པར་སྤེལ་ཏེ་ཕུལ་བྱུང་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས། སྤྱི་ལོ་2017ལོ་རྫོགས་ཉེའི་མཚམས་འདིར། ཕྲན་གྱིས་ལས་ཞོར་དུས་ཚོད་བཀོལ་ཏེ། ལོ་འཁོར་གཅིག་རིང་གི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ལས་དོན་ཁག་ལ་ཕྱིར་མིག་འཕེན་པ་བརྒྱུད་ལྷ་མོའི་སྒྱུ་རྩལ་དོ་རའི་ནང་གླེང་རིན་ཆེ་བའི་དོན་ཆེན་བཅུ་དགུ་ཏག་ཏག་འདི་རུ་བསྡུས་ཡོད། འདི་ནི་སྤྱི་ལོ་2017ལོའི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ལ་དྲན་གསོ་ཞུ་བའི་མེ་ལོང་ཞིག་དང་།ཁྱད་པར་རྩོམ་འདིས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བསོད་སྐལ་དུ་སྨིན་པའི་རང་རེའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་པེ་ཅིན་དུ་སྐོང་ཚོགས་ལེགས་གྲུབ་བྱུང་བར་བཀྲ་ཤིས་དགའ་འབོད་མཚོན་པར་བྱས་ཡོད།
གཅིག
ཟླ་4ཚེས་8ཉིན་ནས་ཟླ་5ཚེས་15ཉིན་བར། བོད་ཀྱི་ལྷ་མོའི་སྒྱུ་རྩལ་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་མདོ་དབུས་ཁམས་གསུམ་ནས་བསྡུས་པའི་ལས་ཞོར་དང་ལས་རིགས། ཆེད་ལས་ལྷ་མོ་བ་བརྒྱ་དང་ལྔ་བཅུ་ཙམ་གྱིས་བོད་ལྗོངས་ལྷ་མོ་ཚོགས་པའི་ནང་ཉིན་གྲངས་སུམ་ཅུ་སོ་ལྔའི་རིང་ལྷ་མོའི་རིག་གཞུང་དང་འཁྲབ་ཁྱེར། རྣམ་ཐར་དང་རྔ་བརྡུང་། ལུས་སྦྱོང་ཐད་ཀྱི་སྦྱོང་བརྡར་ནང་ཞུགས་པ་དང་། ལྷ་ས་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པ་དང་ཉང་བྲན་དམངས་ཁྲོད་ལྷ་མོ་ཚོགས་པ།མཚོ་སྨད་ལྷ་མོ་ཚོགས་པ་བཅས་གནས་ཡུལ་དུ་བསྐྱོད་དེ་ལྷ་མོའི་དོ་དམ་དང་འཁྲབ་སྟོན་སྐོར་ལྟ་སྐོར་བྱས། གཞན་ཡང་རྣམ་གླིང་ཞོལ་ལས་ཞོར་ལྷ་མོ་རུ་ཁག་དང་ཡར་ཀླུང་བཀྲ་ཤིས་ཞོལ་པ་སོགས་ལྷ་སར་སྐོང་སྟེ་དམངས་ཁྲོད་ལྷ་མོ་དང་ཆེད་ལས་ལྷ་མོའི་དབར་འཁྲབ་སྟོན་སྤེལ་རེས་བྱས། ཞིང་གྲོང་ཁག་ནས་ཡོང་བའི་ལས་ཞོར་ལྷ་མོ་བ་ཚོས་ཐེངས་དེའི་སྦྱོང་བརྡར་གྱི་བྱེད་སྒོ་སྒྲིག་འཛུགས་གནང་མཁན་བོད་ལྗོངས་ལྷ་མོ་ཚོགས་པར་བསྔགས་བརྗོད་ཚད་མེད་བྱས་པ་དང་དུས་མཚུངས་ཕྱིས་སུ་སྦྱོང་བརྡར་དེ་རིགས་འབྱུང་ཚེ། ཡུལ་ལུང་ཁག་གི་ལྷ་མོའི་འཁྲབ་ལུགས་མི་འདྲ་བར་གཞིགས་ཏེ་སྦྱོང་བརྡར་འཛིན་གྲྭ་ཁག་བགོས་དོ་ནན་བྱ་དགོས་པའི་རེ་བའང་བཏོན།
གཉིས།
ཟླ་5ཚེས1ཉིན་ནས་3བར། ལྷ་ས་ཁྲེན་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལྔ་གཅིག་གི་ངལ་གསོའི་དུས་ཚོད་དང་བསྟུན་ཏེ་ནོར་བུ་གླིང་ཁར་ཉིན་གསུམ་རིང་ཉིན་འཁྱོངས་ལྷ་མོའི་འཁྲབ་སྟོན་བྱས། ཉིན་དང་པོར་སྲོལ་རྒྱུན་འཁྲབ་གཞུང་དོན་ཡོད་དོན་གྲུབ་དང་ཉིན་གཉིས་པར་གཟུགས་ཀྱི་ཉི་མ་དང་ཉིན་གསུམ་པར་འགྲོ་བ་བཟང་མོ་འཁྲབ་སྟོན་བྱས། ལྔ་གཅིག་སྐབས་ཀྱི་ལྷ་མོའི་འཁབ་སྟོན་བྱེད་སྒོ་དེ་ནི་ལྷ་ས་ཁྲེན་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་དེ་སྔ་འོང་སྐོར་དང་ཞོ་སྟོན་སྐབས་སུ་ལྷ་མོ་འཁྲབ་སྲོལ་ཡོད་པ་ཁོ་ན་ཙམ་མ་ཡིན་པར་དེང་སྐབས་ཀྱི་དུས་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་པའི་ལྷ་མོའི་འཁྲབ་སྟོན་གྱི་བྱེད་སྒོ་གསར་པ་ཞིག་ཏུ་གྱུར་ཏེ་ལྟད་མོ་བའི་དགའ་བསུ་ཤུགས་ཆེན་ཐོབ།2017ལོ་ནི་ལྷ་ས་ཁྲེན་ཀོན་ཆུད་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལོ་རེའི་ལྔ་གཅིག་རིང་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སྤེལ་ཐེངས་གསུམ་པའོ།
གསུམ།
ཟླ་5ཚེས28ཉིན་ནས་30ཉིན་བར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུད་རིག་གནས་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་ཐོག་མའི་བསམ་འདུན་མི་བརྗེད་ཅེས་པའི་བརྗོད་དོན་གཙོ་བོའི་སྣེ་གདོང་ཆུས་ཀྱི་སྐབས་དང་པོའི་ལྷ་མོའི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་དང་ལྷ་མོའི་འགྲན་བསྡུར་ཆེ་མོ་གཉེར། དེའི་རིང་ལྷ་མོའི་འཁྲབ་གཞུང་གི་འཁྲབ་སྟོན་འགྲན་བསྡུར་དུས་ཡུན་ཉིན་གསུམ་བྱས་པ་དང་། འགྲན་བསྡུར་སྐབས་སྣེ་གདོང་ཆུས་ཁོངས་ཀྱི་ལས་ཞོར་ལྷ་མོ་ཚོགས་པ་ལྔ་ཞུགས་ཡོད་པའི་ནང་ནས་ཡར་སྟོད་ཤར་སྒོའི་ཞིང་ཞོར་ལྷ་མོ་ཚོགས་པར་གསེར་གྱི་བྱ་དགའི་མཚན་སྙན་ཐོབ། ལྷ་མོའི་སྒྱུ་རྩལ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་དེས་ཁུལ་དེའི་ལས་ཞོར་ལྷ་མོ་བ་ཚོར་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་བྱེད་པའི་སྐུལ་ལྕག་ཆེན་པོ་ཐེབས།
བཞི།
ཟླ་6ཚེས་10ཉིན་ནས་ཚེས་11ཉིན་བར།ལྷ་ས་གྲོང་ཁྱེར་རིག་གནས་ཅུས་མངོན་མིན་རིག་གནས་སྲུང་སྐྱོབ་ལས་དོན་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་མཚོ་སྨད་ལས་ཞོར་ལྷ་མོ་ཚོགས་པ་སྒྲིག་འཛུགས་བྱས་ཏེ། རྫོང་རྒྱབ་ཀླུང་ཁང་གི་འཁྲབ་སྟོན་དོ་རའི་ནང་ཆེད་མངགས་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སྤེལ། སྟོད་ལུང་མཚོ་སྨད་ལས་ཞོར་ལྷ་མོ་ཚོགས་པས་ཉིན་ཕྱེད་རིང་རྔོན་པའི་གདོན་འཁྲབ་པ་དང་། ཉིན་རྗེས་མ་དེར་དྲི་མེད་ཀུན་ལྡན་ཉིན་འཁྱོངས་འཁྲབ་སྟོན་ཞུས་ཏེ་གཟིགས་མོ་བ་ཚོའི་ལྷ་མོའི་འདོད་བློ་ཡོངས་སུ་ཚིམ་པར་བྱས།
ལྔ།
ཟླ་7ཚེས་14དང་15ཉིན། ལྷ་ས་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པས་སྦྱོང་འཁྲབ་བྱས་པའི་གར་སྟེགས་ལྷ་མོའི་འཁྲབ་གཞུང《འགྲོ་བ་བཟང་མོ》པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་འཁྲབ་སྟོན་བྱས། ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པ་ནི་རྒྱལ་ཡོངས་ཀྱི་གཞི་རིམ་ཟློས་གར་ཚོགས་པའི་ལྷན་འཛོམས་འཁྲབ་སྟོན་ནང་ཞུགས་མཁན་དམངས་ཁྲོད་ལྷ་མོ་ཚོགས་པ་ཐོག་མ་དེ་ཡིན་པ་དང་། ཁོང་ཚོའི《འགྲོ་བ་བཟང་མོའི》འཁྲབ་གཞུང་དེ་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་ཁྱབ་སྤེལ་དང་སྤེལ་རེས་ཀྱི་རྣམ་གྲངས་སུ་བདམས་ཐོན་བྱུང་སྟེ། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། པེ་ཅིན་བོད་ལྗོངས་སློབ་འབྲིང་སོགས་སུ་སྐོར་བསྐྱོད་འཁྲབ་སྟོན་བྱས་པ་དང་། མིག་སྔའི་བར་འཁྲབ་སྟོན་ཐེངས་གྲངས་52བྱས་ཏེ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ངོ་མཚར་རབ་ཏུ་ཆེ་བའི་རིན་ཐང་ཁག་རྒྱལ་ཡོངས་སུ་འགྲེམས་སྟོན་བྱེད་པར་ནུས་པ་ཆེན་པོ་བཏོན་ཡོད་པ་རེད།
དྲུག
ཟླ་7ཚེས་26ཉིན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་དང་པོའི་ལྷ་མོའི་རྣམ་ཐར་འགྲན་བསྡུར་བྱེད་སྒོ་སྤེལ། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། ཁང་དམར་རྫོང་། འབྲོང་པ་རྫོང་ཕུད་པའི་དེ་མིན་རྫོང་བཅུ་ལྷག་ཙམ་ཡོད་པ་སོ་སོ་ནས་འགྲན་ཞུགས་ལྷ་མོ་བ་མི་གྲངས་བཞི་རེ་བསྡུས་ཏེ་འགྲན་བསྡུར་གྱི་བྱེད་སྒོ་ཉིན་གཅིག་སྤེལ། བྱེད་སྒོ་དེའི་ནང་ཞིང་ཞོར་ལྷ་མོ་བ་བཅུ་དང་ཚན་པ་ལྔར་གཟེངས་བསྟོད་བྱ་དགའ་ཐོབ།
བདུན།
ཟླ་8ཚེས་21ཉིན་ནས་27ཉིན་བར། བོད་ཟླ་དྲུག་པའི་གནམ་གང་ནས་བདུན་པའི་ཚེས་དྲུག་ཉིན་བར་ལོ་གཅིག་དུས་གཅིག་གི་ལྷ་སའི་ཞོ་སྟོན་ཡིན་པ་དང་། ལོ་དུས་ལྷ་མོའི་འཁྲབ་སྟོན་སྤེལ་བའི་རྒྱུན་སྲོལ་ལྟར། ནོར་བུ་གླིང་ཁའི་འཁྲབ་སྟོན་སྡིངས་ཆ་དང་རྫོང་རྒྱབ་ཀླུ་ཁང་འཁྲབ་སྟོན་དོ་རྭའི་ནང་དུས་གཅིག་ཏུ་བོད་ཀྱི་སྐབས་དྲུག་པའི་དམངས་ཁྲོད་ལྷ་མོའི་འཁྲབ་སྟོན་བྱས། སྙེ་མོ་དར་གྲོང་བཀྲ་ཤིས་ཞོལ་པ་དང་ཤེལ་གྲོང་འབྲོང་རྩེད་ཀྱིས་ཞོ་སྟོན་རྟེན་འབྲེལ་གྱི་གཟིགས་ཕུད་ཕུལ་བ་དང་། གཞིས་ཀ་རྩེ་ངམ་རིང་ཆུ་འོག་ཞིང་ཞོར་ལྷ་མོ་ཚོགས་པ་དང་། མལ་གྲོ་གུང་དཀར་ཕྱི་མ་ཁ་ཞིང་ཞོར་ལྷ་མོ་ཚོགས་པ། ལྷོ་ཁ་གྲ་ནང་རལ་གྲི་སྒང་ཞིང་ཞོར་ལྷ་མོ་ཚོགས་པ། གཞིས་ཀ་རྩེ་རྣམ་གླིང་མཁོ་མ་ཞིང་ཞོར་ལྷ་མོ་ཚོགས་པ། ལྷོ་ཁ་སྣེ་གདོང་ཤར་སྒོ་ཞིང་ཞོར་ལྷ་མོ་ཚོགས་པ་བཅས་ཞིང་ཞོར་ལྷ་མོ་རུ་ཁག་ལྔ་དང་ལྷ་ས་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པ་དང་བོད་ལྗོངས་གནའ་རབས་ལྷ་མོའི་འཁྲབ་སྟོན་ཚད་ཡོད་ཀུང་སིས་འཁྲབ་སྟོན་བྱས། ལྷ་མོ་ཚོགས་པ་ཁག་བདུན་པོས་ཉིན་བདུན་རིང་ཁྱོན་བསྡོམས་ཉིན་འཁྱོངས་ལྷ་མོ་ཐེངས་མ་བཅུ་བཞི་འཁྲབ་པ་དང་། སྔ་རྗེས་སུ་ལྟད་མོ་བ་མི་གྲངས་ཁྲི་ཉི་ཤུ་ཙམ་འབྱོར།
བརྒྱད།
ཟླ་8ཚེས་26ཉིན་ནི་ལྷ་སའི་ཞོ་སྟོན་གྱི་ཉིན་དྲུག་པ་ཡིན་པ་དང་། གཞིས་རྩེ་རྣམ་གླིང་རྫོང་མཁོ་མ་གྲོང་ཚོའི་ལས་ཞོར་ལྷ་མོ་རུ་ཁག་གིས་ནོར་བུ་གླིང་གའི་སྡིངས་ཆའི་ཐོག་སྲོལ་རྒྱུན་འཁྲབ་གཞུང《དད་པ་བརྟན་པ》འཁྲབ་སྟོན་བྱས། འཁྲབ་གཞུང་དེ་ལོ་རབས་ལྔ་བཅུའི་ནང་རྨེ་རུ་གྲྭ་ཚང་གིས་འཁྲབ་སྲོལ་ཡོད་པ་དང་རྗེས་སུ་འཁྲབ་རྒྱུན་ཆད། མཁོ་མ་ལྷ་མོ་རུ་ཁག་གིས་ལྷ་སར《དད་པ་བརྟན་པའི》འཁྲབ་གཞུང་འཁྲབ་སྟོན་བྱས་པ་དེས་ད་ཕན་མི་ལོ་དྲུག་ཅུ་ཙམ་རིང་རྒྱུན་ཆད་པའི་ལྷ་མོའི་འཁྲབ་གཞུང《དད་པ་བརྟན་པ》སླར་གསོ་དང་རྒྱུན་མཐུད་ཐུབ་པ་བྱུང་། མཁོ་མ་ལས་ཞོར་ལྷ་མོ་རུ་ཁག་ནི་ལྷ་སའི་ཞོ་སྟོན་གྱི་འཁྲབ་སྟོན་ནང་ཞུགས་ཐེངས་དང་པོ་ཡིན་པ་དང་། ནམ་རྒྱུན་ཁོང་ཚོས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་གི་ནང་ནས《དད་པ་བརྟན་པའི》འཁྲབ་གཞུང་གཙོ་གནད་ཐོག་རྒྱུན་འཛིན་བྱེད་ཀྱི་ཡོད།
དགུ།
ཟླ་8ཚེས་26ཉིན་ནི་ལྷ་སའི་ཞོ་སྟོན་གྱི་ཉིན་དྲུག་པ་ཡིན་པས་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གནའ་ཉམས་དབྱངས་གསར་ཞེས་པའི་བོད་ཀྱི་སྐབས་གསུམ་པའི་ལྷ་མོའི་རྣམ་ཐར་འགྲན་སྡུར་སྤེལ། འགྲན་བསྡུར་ནང་དུ་ལྷ་མོ་བ་མི་རྒན་པ་ཕུད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བཅུ་བདུན་ཞུགས་ཡོད་སྟབས་དར་མའི་ལྷ་མོའི་རྣམ་ཐར་འགྲན་བསྡུར་དང་ལོ་ཆུང་བྱིས་པའི་རྣམ་ཐར་འགྲན་བསྡུར་ཞེས་ཚོ་ཆུང་ཁག་གཉིས་སུ་ཕྱེས་པ་དང་། སྟོད་ལུང་བདེ་ཆེན་ཆུས་དགའ་གདོང་ལས་ཞོར་ལྷ་མོ་ཚོགས་པའི་དགེ་རྒན་འཕྲིན་ལས་རྡོ་རྗེར་དར་མའི་ལྷ་མོའི་རྣམ་ཐར་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་རག་པ་དང་ལྷ་ས་ཚོད་ལྟའི་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་བསྟན་ནོར་ལ་ལོ་ཆུང་བྱིས་པའི་རྣམ་ཐར་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་སྟེ་སྐད་གྲགས་ཆོད།
བཅུ།
ཟླ་8ཚེས་29ཉིན། ཁམས་པའི་བརྙན་འཕྲིན་ཁང་གི་འཆད་ཁྲིད་སྒྲོན་མེའི་ལེ་ཚན་སྒྲུབ་པ་པོ་ལྷ་སར་འབྱོར་ཏེ་ནོར་བུ་གླིང་གའི་ནང་དུ་བོད་ཀྱི་གཞས་མ་གཏམ་མཁས་ཅན་ཐུབ་བསྟན་དང་། རོལ་དབྱངས་འབུམ་རམས་པ་ཇོ་དཀར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དཔལ་ལྡན་དབང་ཕྱུག། སྐྱོར་མོ་ལུང་ལྷ་མོའི་རྒྱུན་འཛིན་པ་བློ་བཟང་བཀྲ་ཤིས་བཅས་གདན་དྲངས་ཏེ་ལྷ་མོའི་འཁྲབ་གཞུང་བརྒྱད་པོའི་ནང་དོན་སྐོར་གྱི་འཆད་འཁྲིད་ལེ་ཚན་པར་ལེན་བརྙན་འཇུག་གནང་བ་དང་། སྤྱི་ཟླ་བཅུ་པའི་ནང་ཁམས་པའི་བརྙན་འཕྲིན་འཕྲིན་ལམ་ཐོག་་སྔ་རྗེས་སུ་བརྒྱུད་གཏོང་བྱས།
བཅུ་གཅིག
ཟླ8ཚེས་31ཉིན་དང་ཟླ་9ཚེས་1ཉིན། སྟོད་ལུང་སྐྱོར་མོ་ལུང་ལྕང་གསེབ་གླིང་གའི་ནང་དུ་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྐབས་གཉིས་པའི་ལྷ་མོའི་འགྲན་བསྡུར་བྱེད་སྒོ་སྤེལ། ཉིན་དང་པོར་སྟོད་ལུང་བདེ་ཆེན་ཆུས་ཁོངས་གཏོགས་ལས་ཞོར་ལྷ་མོ་རུ་ཁག་བདུན་སྐོང་བསྡུ་བྱས་ཏེ།སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་གི་དུམ་མཚམས་འཁྲབ་སྟོན་འགྲན་བསྡུར་བྱས་པ་དང་། ཉིན་གཉིས་པར་ལས་ཞོར་ལྷ་མོ་བའི་རྣམ་ཐར་འགྲན་བསྡུར་དང་གྲོང་མིའི་རྣམ་ཐར་འགྲན་བསྡུར་བྱས། སྟོད་ལུང་མཚོ་སྨད་ལས་ཞོར་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱས་པའི《ཆོས་རྒྱལ་ནོར་བཟང》དུམ་མཚམས་འཁྲབ་སྟོན་དེར་བྱ་དགའ་ཨང་དང་པོ་ཐོབ། ལས་ཞོར་ལྷ་མོ་བའི་རྣམ་ཐར་འགྲན་བསྡུར་ནང་དགའ་གདོང་ལས་ཞོར་ལྷ་མོ་ཚོགས་པའི་བུ་མོ་མིག་དམར་ལ་བྱ་དགའ་ཨང་དང་པོ་ཐོབ། སྦྱར་རགས་གྲོང་ཚོའི་རྨོ་བོ་མཚམས་གཅོད་ལ་གྲོང་མིའི་རྣམ་ཐར་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ། སྟོད་ལུང་བདེ་ཆེན་ཆུས་རིག་གནས་ཅུས་ཀྱིས་གཉེར་བའི་ཁུལ་དེའི་ལྷ་མོའི་འགྲན་བསྡུར་བྱེད་སྒོ་དེ་སྤྱི་ལོ2016ལོར་སྤེལ་འགོ་ཚུགས་པ་དང་། ད་ཆ་ལོ་རེའི་འཆར་ཅན་གྱི་བྱེད་སྒོ་ཞིག་ཏུ་འགྱུར་བཞིན་ཡོད་པས་སྟོད་ལུང་ཁུལ་གྱི་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་ཡོང་རྒྱུར་ཕན་པ་དངོས་སུ་ཐོན་བཞིན་ཡོད།
བཅུ་གཉིས།
ཟླ་9ཚེས་4དང་5ཉིན་གཉིས་རིང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ཐོག་ཏུ་སྙེ་གཞུང་ནོར་བཟང་གིས་ཉེ་བའི་ལོ་ཤས་རིང་ལས་ཞོར་དུ་ཞོ་སྟོན་ལྷ་མོའི་འཁྲབ་སྟོན་བལྟས་ཏེ་བྲིས་པའི་བོད་ཀྱི་དམངས་ཁྲོད་ལྷ་མོ་ཚོགས་པའི་འཁྲབ་སྟོན་སྐབས་ཀྱི་ཞན་ཆ་གླེང་བ་ཞེས་པའི་རྩོམ་ཡིག་དེ་ཀློག་པ་པོའི་སྤྱན་སྔར་བཤམས་ཤིང་། འཁྲབ་སྟོན་སྐབས་ཀྱི་སྐྱོན་ཆ་ཁོ་ན་ལས་དགེ་མཚན་རྐང་གཅིག་བརྗོད་མེད་པའི་རྒྱུན་གཏན་མ་ཡིན་པའི་རྩོམ་ཡིག་དེར་ལྷ་མོའི་སྒྱུ་རྩལ་དོ་རའི་ནང་ཁས་ལེན་དང་བག་ཆགས་ལེགས་ཙམ་བྱུང་བ།
བཅུ་གསུམ།
ཟླ་9ཚེས་27ཉིན་ནས་ཚེས་30ཉིན་བར། ཚ་གུར་གླིང་གའི་ནང་དུ་ཀུན་བདེ་གླིང་དགོན་པའི་ལོ་རེའི་ཆབ་བཞུགས་རིང་གི་ལྷ་མོའི་འཁྲབ་སྟོན་ཉིན་གྲངས་བཞི་སྤེལ། ཉིན་དང་པོར་སྟོད་ལུང་མཚོ་སྨད་ལས་ཞོར་ལྷ་མོ་ཚོགས་པ་གདན་དྲངས་ཏེ་ཆོས་རྒྱལ་དྲི་མེད་ཀུན་ལྡན་འཁྲབ་སྟོན་གནང་། ཉིན་གཉིས་པར་སྐྱོར་མོ་ལུང་ལྷ་མ་ཚོགས་པ་གདན་དྲངས་ཏེ་འཁྲབ་གཞུང་འགྲོ་བ་བཟང་མོ་འཁྲབ། ཉིན་གསུམ་པ་དང་བཞི་པར་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པ་གདན་དྲངས་ཏེ་གཟུགས་ཀྱི་ཉི་མ་དང་པདྨ་འོད་འབར་འཁྲབ་སྟོན་གནང་།
བཅུ་བཞི།
ཟླ་10ཚེས་10ཉིན་ནས་ཚེས་13ཉིན་བར། འཛམ་གླིང་ཐོག་ལྷ་མོའི་ནང་དོན་གཙོ་བོར་འཛིན་པའི་ལྕགས་སྨྱུག་གི་རི་མོ་རིང་ཤོས་ཀྱི་བརྩམས་བྱ་ཞིག་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱས་ཤིང་། བརྩམས་བྱ་དེ་རི་མོ་བ་ཧོང་ཅ་ལིན་གྱིས་བྲིས་གནང་བ་དང་རིང་ཚད་སྨི་27.42ཡོད་པ་རེད། བོད་ལྗོངས་རིག་གནས་སྒྱུ་རྩལ་ཚོགས་པས་བརྩམས་བྱ་དེ་འཛམ་གླིང་རིམ་པའི་སྙན་ཞུ་ཕུལ་བ་དང་། རི་མོའི་ནང་དོན་ཁག་རི་མོ་བས་དེ་སྔ་ལྷ་ས་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱས་པའི《འགྲོ་བ་བཟང་མོའི》འཁྲབ་སྟོན་གཞིར་བཟུང་ནས་བྲིས་པ་ཞིག་ཡིན་པ་དང་། གཙོ་བོར་འཁྲབ་གཞུང《འགྲོ་བ་བཟང་མོའི》ནང་གི་མི་སྣ་གཙོ་བོ་དང་དེ་འབྲེལ་ལྷ་མོའི་འཁྲབ་ཆས། འཁྲབ་ཁྱེར། ལྷ་མོའི་བྱེད་པོ་སོགས་ཚུད་ཡོད།
བཅོ་ལྔ།
ཟླ་10ཚེས་25ཉིན་ནས་29ཉིན་བར། གཞིས་རྩེ་ངམ་རིང་རི་བོ་ཆེ་ཞིང་ཞོར་ལྷ་མོ་ཚོགས་པས་ནང་སའི་ཀྲེ་ཅང་ཞིང་ཆེན་དབུ་གྲོང་རྡལ་དུ་ཟློས་གར་དུས་ཆེན་སྐབས་ལྔ་པར་ཞུགས་པ་དང་།ཁོང་ཚོས་ནང་སའི་རྒྱ་རིགས་ལྟད་མོ་བ་ཚོར《གཅུང་པོ་དོན་ཡོད་དོན་གྲུབ》གཟིགས་འབུལ་ཞུས་ཏེ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་ཉམས་འགྱུར་མངོན་པར་བྱས་ཤིང་། ཐེངས་དེའི་དབུ་གྲོང་རྡལ་གྱི་ཟློས་གར་དུས་ཆེན་སྐབས་ལྔ་པའི་ཐོག་རྒྱལ་ཕྱི་རྒྱལ་ནང་གི་འཁྲབ་སྟོན་ཚན་པ་མང་པོ་ཞུགས་ཡོད་པའི་ནང་ངམ་རིང་རི་བོ་ཆེ་ཞིང་ཞོར་ལྷ་མོ་ཚོགས་པ་ནི་བོད་ནས་ཡོང་བའི་འཁྲབ་སྟོན་ཚན་པ་གཅིག་པུ་དེ་ཡིན་པ་མ་ཟད།ངམ་རིང་རི་བོ་ཆེ་ཞིང་ཞོར་ལྷ་མོ་ཚོགས་པ་ནང་སར་འཁྲབ་སྟོན་བྱེད་པར་བསྐྱོད་ཐེངས་དང་པོ་དེའང་ཡིན་པ་རེད།
བཅུ་དྲུག
ཟླ་10ཚེས་29ནས་ཟླ་11ཚེས་13ཉིན་བར། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་གཞིས་ཀ་རྩེ་གྲོང་ཁྱེར་ཟློས་གར་ཁང་དང་།རྒྱལ་རྩེ་རྫོང་།པ་སྣམ་རྫོང་། རྣམ་གླིང་རྫོང་། རིན་སྤུངས་རྫོང་། ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་ཟློས་གར་ཁང་།སྣེ་གདོང་རྫོང་།ཟངས་རི་རྫོང་བཅས་སུ་བསྐྱོད་དེ་གསར་དུ་བཅོས་སྒྲིག་བྱས་པའི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང《སྣང་ས་འོད་འབུམ》སྐོར་བསྐྱོད་འཁྲབ་སྟོན་བྱས་པ་དང་།སྐོར་བསྐྱོད་འཁྲབ་སྟོན་བྱེད་རིང་།ལྗོངས་ལྷ་མོ་ཚོགས་པས་ཉེ་བའི་ལོའི་ནང་ལྷ་མོའི་སྒྱུ་རྩལ་དར་སྤེལ་གཏོང་བཞིན་པའི་གྲུབ་འབྲས་བཟང་པོ་འགྲེམས་སྟོན་ཐུབ་ཡོད་པ་དང་འཁྲབ་སྟོན་བྱ་ཡུལ་ལུང་པ་ཁག་གི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་བ་རེད།
བཅུ་བདུན།
ཟླ་11ཚེས་16ཉིན་ནས་ཚེས་26ཉིན་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འབའ་ཐང་ལྷ་མོ་ཚོགས་པའི་ཚོགས་གཙོ་ཤེས་རབ་རྒྱལ་མཚན་ལགས་ཀྱིས་ལས་ཞོར་ལྷ་མོ་ཚོགས་པ་དེའི་ལྷ་མོ་བ་མི་གྲངས་སུམ་ཅུའི་སྣེ་ཁྲིད་དེ་ཆེད་མངགས་ལྷ་སར་ལྷ་མོའི་རིག་གནས་སྒྱུ་རྩལ་སྐོར་ལ་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་གནང་བར་ཕེབས། དེའི་རིང་ལྷ་ས་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པ་དང་།བོད་ལྗོངས་ལྷ་མོ་ཚོགས་པ། ལྷ་ས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཅས་ལ་གཟིགས་སྐོར་གནང་བ་དང་སྦྲགས་ལྷ་མོའི་སྒྱུ་རྩལ་དང་།དོ་དམ། མ་འོངས་འཕེལ་རྒྱས་སྐོར་ཉམས་མྱོང་སྤེལ་རེས་ཞིབ་མོ་བྱས། ཚེས་25ཉིན། འབའ་ཐང་ལྷ་མོ་ཚོགས་པས་བོད་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོའི་འཁྲབ་སྟོན་ལྟེ་གནས་སུ་ཁོང་ཚོའི་ཡུལ་ལུང་གི་ཁྱད་ཆོས་མངོན་གསལ་དོད་པའི་འགྲོ་བ་བཟང་མོའི་འཁྲབ་གཞུང་གཟིགས་འབུལ་ཞུས།
བཅོ་བརྒྱད།
ཟླ་12ཚེས་6ཉིན། ལྷོ་ཁ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་སུམ་ཅུས་དུས་ཡུན་ཟླ་བ་གསུམ་ཙམ་རིང་སྦྱོང་བརྡར་བྱས་པའི་ལྷ་མོའི་འཁྲབ་གཞུང《ཆོས་རྒྱལ་ནོར་བཟང》དངོས་སུ་འཁྲབ་སྟོན་བྱས། དེ་ལས་ལྷོ་ཁ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་བོད་ཀྱི་དམངས་ཁྲོད་ལྷ་མོར་སྣང་ཆེན་བྱེད་པའི་བྱ་སྤྱོད་དངོས་མཚོན་ཡོད་ལ། དེ་ནི་བོད་ཀྱི་ལྷ་མོའི་སྒྱུ་རྩལ་སློབ་གྲྭའི་ནང་བསྐྱོད་པའི་ལས་འགུལ་གྱི་དཔེ་གཞི་ཞིག་ཏུ་གྱུར་ཡོད།
བཅུ་དགུ།
ཟླ་་11ཚེས་15ཉིན། བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་གི་འབུམ་རམས་པ་སངས་རྒྱས་དོན་གྲུབ་ལགས་ཀྱིས་ཕྱི་གླིང་ཁ་ན་ཊ་ནས་བཅར་འདྲི་ཞུས་པའི་ལྕམ་དབྱི་ས་འཕེལ་དང་། ཨ་ཅེ་ལྷ་མོའི་ཞིབ་འཇུག་ཅེས་པའི་སྐོར་དེ་མི་ཆུང་ཁ་བདེའི་ལེ་ཚན་ནས་བསྟན་པ་དང་།ཟླ་12ཚེས་2ཉིན། སངས་རྒྱས་དོན་གྲུབ་ལགས་བོད་ལྗོངས་དཔེ་མཛོད་ཁང་གི་འཆད་ཁྲིད་མུན་སེལ་སྒྲོན་མེར་ཕེབས་ཏེ། ནུབ་ཕྱོགས་ལྷ་མོའི་ཞིབ་འཇུག་གི་བྱུང་རིམ་དང་ད་ལྟའི་གནས་ཚུལ་སྐོར་འཆད་ཁྲིད་གནང་། ཁོང་གིས་ནུབ་ཕྱོགས་ལྷ་མོའི་ཞིབ་འཇུག་གི་བྱུང་རིམ་སྐོར་དེ་ཕྱི་གླིང་བའི་འདུ་ཤེས་དང་ཡིག་བསྒྱུར་དང་ཞིབ་འཇུག་ཅེས་ནང་ཚན་ཆེ་ཁག་གསུམ་དུ་ཕྱེས་ཏེ་འཆད་ཁྲིད་གནང་བ་དང་དེང་གི་ཞིབ་འཇུག་གནས་ཚུལ་སྐོར་དེ་ཁོང་གིས་ཕྱི་གླིང་བ་ལྕམ་དབྱི་ས་འཕེལ་གཙོས་པའི་མཁས་དབང་འགའ་ཞིག་གི་དཔྱད་རྩོམ་ཐོག་ནས་ཞིབ་འགྲེལ་མཛད་པ་བཅས། (སྙེ་གཞུང་ནོར་བཟང་གིས)