
འདི་ནི་ཉེ་བའི་ལོ་ཤས་ནང་ལྷོ་ཁ་ས་ཁུལ་གྱིས་པར་སྐྲུན་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་དེབ་ཡིན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་དང་ལྷག་པར་དུ་ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་ངང་བེད་སྤྱོད་དང་། རྒྱུན་འཛིན། འཕེལ་རྒྱས”བཅས་ཀྱི་བྱེད་ཕྱོགས་དང“སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཞུགས་པ། འགན་འཁྲི་ཁ་གསལ། མཉམ་ཤུགས་ཆགས་པ་བཅས་དང་། ཕུགས་ཀྱི་འཆར་གཞི་འདིང་བ་དང་། གོམ་སྟབས་དབྱེ་ནས་ལག་ལེན་བསྟར་བ། གནད་དང་ཁྱོན་ཟུང་འབྲེལ། དངོས་ཕན་དོན་གཉེར”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་ལ་དམ་འཛིན། སྲུང་སྐྱོང་བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ།
ནུས་ཆེའི་འཁོར་རྒྱུག་གི་བཀོད་པ་ཆགས།
ལྷོ་ཁ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་པ་དང“ང་ཚོས་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ཙུའུ་ཀྲང་དུ་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་དུས་མཚུངས་རྫོང་དང་ཆུས་ཁག་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སྒྲིག་གཞི་བཙུགས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀའི་གལ་ཆེའི་གྲོས་རིམ་ཉིན་ཐོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་འཆར་འགོད་ནང་བཅུག་པས་ཕྱར་བ་གྲུ་འདེགས་དང་སྤྱི་ཡོངས་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་ཆགས་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་བྱམས་པ་ཚེ་རིང་གིས་བཤད།
འགན་འཁྲི་དང་ལས་འགན་གསལ་པོ་བཟོས་ཤིང་། ལས་དོན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་རྫོང་དང་ཆུས་ཁག་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀའི་འགན་འཁྲིའི་ཡི་གེ་བཞག་སྟེ་ལས་ཀའི་འགན་འཁྲི་སྔར་བས་གསལ་པོ་བཟོས་པར་རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་བཀོད་པ་ཆགས་པ་རེད།
འགྲོ་གྲོན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས《རིག་གནས་སྟོབས་ཆེའི་གྲོང་ཁྱེར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》དང《རིག་གནས་སྟོབས་ཆེའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་ཏེ་2012ལོ་ནས་བཟུང་གྲོང་ཁྱེར་དང་། རྫོང་། ཆུས་བཅས་ནོར་སྲིད་ཀྱིས་ལོ་གོང་མའི་སྤྱིར་བཏང་རང་བཞིན་གྱི་ནོར་སྲིད་ཡོང་འབབ་ཀྱི་3%དོན་འཁྱོལ་བྱས་ནས་རིག་གནས་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་དུ་བརྩིས་པ་རེད།
ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྲུང་སྐྱོང་མ་དངུལ་སྒོར་ཁྲི་1733བརྩོན་ལེན་བྱས་ཏེ་མོན་པའི་ཨ་ཅེ་ལྷ་མོ་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་15ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་སྲུང་སྐྱོང་མ་དངུལ་སྒོར་ཁྲི་660.81བརྩོན་ལེན་བྱས་ནས་སྣེ་གདོང་ཆུས་ཀྱི་རྩེད་ཐེར་འཁེལ་འཐག་ལག་རྩལ་སོགས་ཀྱི་རྣམ་གྲངས་37ལག་ལེན་བསྟར་བ་རེད། དུས་མཚུངས་ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་དེ་གའི་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་1280བཏང་སྟེ་དམངས་ཁྲོད་ལས་ཞོར་ལྷ་མོ་རུ་ཁག་32དང་དམངས་ཁྲོད་བྲོ་རུ་ཁག་8ལ་ཁྲིད་སྦྱོང་ཁང་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་830བཏང་ནས་ཤང་གྲོང་རིག་གནས་ས་ཚིགས་82ལ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཚོམས་ཆེན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་ཁྲི་360བཏང་ནས་རྫོང་དང་ཆུས་ཀྱི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་12ལ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཚོམས་ཆེན་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་བཅས་རེད།
ཐོན་ཁུངས་སྔོག་འདོན་བྱ་རྒྱུར་མཐོང་ཆེན་བྱས།
“བོད་ཀྱི་རིག་གནས་འབྱུང་ཁུངས”ཀྱི་སྤུས་རྟགས་གཏོད།
བོད་མི་རིགས་ཀྱི་འབྱུང་ཁུངས་དང་བོད་ཀྱི་རིག་གནས་ཀྱི་འབྱུང་གནས་ཡིན་པའི་ལྷོ་ཁར་མངོན་མིན་རིག་གནས་ཤུལ་བཞག་གྱ་ནོམ་པ་ཡོད།
མངོན་མིན་རིག་གནས་ཤུལ་བཞག་དེ་དག་རྒྱུན་འཛིན་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ཁུངས་སྔོག་འདོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ“བོད་ཀྱི་རིག་གནས་འབྱུང་ཁུངས”ཀྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། ཟློས་གར་དང་། གཞས་མ་གཏམ། དམངས་ཁྲོད་རྩོམ་རིག(ངག་ཐོག་ཡི་གེ)དམངས་ཁྲོད་མཛེས་རྩལ། དམངས་ཁྲོད་རོལ་དབྱངས། དམངས་ཁྲོད་ཞབས་བྲོ། དམངས་ཁྲོད་ལག་ཤེས་བཟོ་རྩལ། སྲོལ་རྒྱུན་གསོ་རིག་སོགས་ཐོན་ཁུངས་སྔོག་འདོན་ཧུར་ཐག་བྱས་ཡོད་པ་རེད།
《གྲ་ཐང་སྒོར་གཞས》དང་། 《འཇུ་བྲོ》《ཀོ་གྲུའི་ཞབས་བྲོ》《འཕྲེང་འགོའི་བྲོ》《ཡར་འབྲོག་ཆང་གཞས》《གར་པ་གཞས་མ》《ལྷོ་པའི་གྲི་བྲོ》སོགས་ཕུལ་དུ་བྱུང་བའི་གདོད་མའི་རྣམ་པའི་འཁྲབ་ཚན་ཁག་གཅིག་གཏོད་ཡོད་པ་རེད།
མངོན་མིན་རིག་གནས་ཤུལ་བཞག་གི“བོད་ཀྱི་རིག་གནས་འབྱུང་ཁུངས”ཀྱི་སྤུས་རྟགས་བཏོད་ཅིང་། གྲ་ནང་རྫོང་གི《གྲ་ཐང་སྒོར་གཞས》སོགས་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་ཁུལ་ལ་རིག་གནས་པུའུ་ཡིས“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་སྔ་རྗེས་སུ་སྤྲད་པ་དང་། སྣེ་གདོང་ཆུས་ཀྱི་རྩེད་ཐེར་འཁེལ་འཐག་ལག་རྩལ་དང་། གྲ་ནང་རྫོང་སྨིན་གྲོལ་གླིང་དགོན་པའི་སྤོས་བཟོ་བའི་ལག་རྩལ། ལྷོ་བྲག་རྫོང་གི་གུར་མཚུར་རྐེད་རགས་བསླས་འཐག་ལག་རྩལ། མཚོ་སྣ་རྫོང་གི་མཁར་ལྟག་བོད་གྲི་བཟོ་བའི་ལག་རྩལ་བཅས་ལ་རང་སྐྱོང་ལྗོངས་ཀྱིས“བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞིའི”མིང་བཏགས་པ་དང་གྲ་ནང་རྫོང་སློབ་འབྲིང་ལ“སྐབས་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་སློབ་གླིང་དུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྟེན་གཞིའི”མིང་བཏགས་པ་རེད།
སྲུང་སྐྱོང་བྱེད་ཐབས་ཤུགས་ཆེར་བཏང་།
སྲུང་སྐྱོང་ཕན་འབྲས་མཐོ་རུ་ཏན་ཏིག་ཕྱིན།
བྱམས་པ་ཚེ་རིང་གིས“མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ནུས་ལྡན་ཐུབ་མིན་དང་བྱེད་ཐབས་ཡག་པོ་བཏོན་མིན་དབར་འབྲེལ་བ་མེད་པ་མིན”ཞེས་བཤད།
སྲུང་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་ཁྲི་100བཏང་ནས《ལྷོ་ཁའི་དམངས་ཁྲོད་གཞས་མ་གཏམ་དང་རོལ་དབྱངས་ཕྱོགས་བསྒྲིགས》དང《མངོན་མིན་རིག་གནས་ཤུལ་བཞག་དཔེ་ཚོགས-ལྷོ་ཁའི་དམངས་ཁྲོད་རྩོམ་རིག་ཆ་ཚང་གསུམ་ཕྱོགས་བསྒྲིགས(དམངས་ཁྲོད་གཏམ་རྒྱུད་དང་། དམངས་ཁྲོད་གླུ་གཞས། དམངས་ཁྲོད་འབེལ་གཏམ་བཅས་སོ)》སོགས་ཕུལ་བྱུང་གྲུབ་འབྲས་ཁག་གཅིག་དཔེ་སྐྲུན་བྱས་ཡོད། ལྷོ་ཁའི་ཁྱད་ཆོས་ལྡན་པའི《ཆོས་རྒྱལ་ནོར་བཟང》དང་། 《འགྲོ་བ་བཟང་མོ》《པད་མ་འོད་འབར》《སྣང་ས་འོད་འབུམ》《དྲི་མེད་ཀུན་ལྡན》《གཟུགས་ཀྱི་ཉི་མ》སོགས་སྲོལ་རྒྱུན་ལྷ་མོ་ཁག་དྲུག་པར་བླངས་ནས་སྒྲིག་བཟོ་བྱས་ཡོད།
རྣམ་གྲངས་རེ་ཞུ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྲོལ་རྒྱུན་ལྷ་མོ་དང་། དམངས་ཁྲོད་ཞབས་བྲོ། སྲོལ་རྒྱུན་སྒྱུ་རྩལ་སོགས་རིགས་ཆེན་པོ་བརྒྱད་ཀྱི་རྣམ་གྲངས་123སྔ་རྗེས་སུ་བདམས་ནས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་རེ་ཞུ་བྱས་པ་རེད།
ཡོངས་བཤེར་བྱེད་ཤུགས་ཆེ་རུ་བཏང་ཞིང་། མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་དང་དཔེ་རྙིང་ཡོངས་བཤེར་ཐོ་འགོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་མིག་སྔའི་བར་གྲོང་ཁྱེར་དེས་ཁྱོན་རྣམ་གྲངས་206ཡོངས་བཤེར་ཐོ་འགོད་བྱས་པ་དང་། རྒྱུན་འཛིན་པ་215ཤེས་རྟོགས་བྱུང་བ། དམངས་ཁྲོད་ལས་ཞོར་ལྷ་མོ་རུ་ཁག་34དང་། བྲོ་གཞས་རུ་ཁག་11མྱུར་སྐྱོབ་དང་སླར་གསོ་བྱས་པ། རྩ་ཆེའི་དཔེ་རྙིང་པོ་ཏི་3000ཡོངས་བཤེར་ཐུབ་པ་བཅས་རེད།