དབུ་ཤོག>བོད་ཀྱི་རིག་གནས།
  • བོད་ཀྱི“ཤེས་བྱ་ཀུན་བཏུས་ཆེ་མོ”ལྡོང་ཚང་བཀའ་བསྟན་སྲུང་སྐྱོབ་ཡག་པོ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-10-31

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་བར་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསུང་རབ་ལྡོང་ཚང་བཀའ་བསྟན་སྔ་རྗེས་སུ་ཉེ་དུས་ས་གནས་སྲིད་གཞུང་གིས་བསྐྲུན་པའི་ལྡོང་ཚང་བཀའ་བསྟན་རྟེན་རྫས་བཤམས་མཛོད་ཁང་དུ་སྤོས་ནས་བཤམས་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་སྲུང་སྐྱོབ་ཡག་པོ་ཐུབ་ཡོད།

    ལྡོང་ཚང་ཁྱིམ་རྒྱུད་ཀྱི་རྒྱུད་པ་ལྡོང་ཚང་བཀའ་བསྟན་རྟེན་རྫས་བཤམས་མཛོད་ཁང་གི་འགན་འཁུར་བ་བདེ་བཟང་གིས་ལྡོང་ཚང་བཀའ་བསྟན་ནི་དེ་སྔ་ལྡོང་ཚང་ཁྱིམ་རྒྱུད་ཀྱི་ཡུལ་མིའི་སྡོད་ཁང་དུ་ཉར་ཚགས་བྱས་ཡོད། ཡུལ་ཤུལ་ལ་ས་ཡོམ་བརྒྱབ་རྗེས་རྒྱལ་ཁབ་ཀྱིས་འབྲེལ་ཡོད་རིག་དངོས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་པ་དང་འབྲེལ་ལྡོང་ཚང་བཀའ་བསྟན་ཉར་ཚགས་ཁང་བསྐྲུན་ནས་གསུང་རབ་གླེགས་བམ་དེ་དག་གནས་སྐབས་ཉར་ཚགས་བྱས་ཡོད། ཉེ་ཆར་གསུང་རབ་གླེགས་བམ་ཆ་ཚང་700ཙམ་ཡོད་པ་དེ་དག་ལྡོང་ཚང་བཀའ་བསྟན་རྟེན་རྫས་བཤམས་མཛོད་ཁང་དུ་སྔ་རྗེས་སུ་སྤོས་པས་དེར་ཕྱོགས་ཡོངས་ནས་སྲུང་སྐྱོབ་ཡག་པོ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

    བདེ་བཟང་གིས་གསར་འགོད་པར་ལྡོང་ཚང་བཀའ་བསྟན་རྟེན་རྫས་བཤམས་མཛོད་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་1000ལྷག་ཙམ་ཡོད་པ་དང་སྟེང་ཤོད་གཉིས་སུ་ཕྱེ་ཡོད་ཅིང་། རིན་མེད་ངང་སྤྱི་ཚོགས་ལ་སྒོ་འབྱེད་ཀྱི་ཡོད། མིག་སྔར་རྟེན་རྫས་བཤམས་མཛོད་ཁང་གིས་གསུང་རབ་གླེགས་བམ་ཆ་ཚང་500ལྷག་ཙམ་བཤམས་ཡོད་པ་ཕུད་དེ་བྱིངས་ཀྱི་གསུང་རབ་གླེགས་བམ་རྣམས་ལོ་མང་པོ་ཕྱིན་པའི་དབང་གིས་ཚོས་གཞི་ལོག་པ་དང་རྩབ་ཧྲལ་དུ་གྱུར་པས་ད་ཆ་མི་ཐབས་ལ་བརྟེན་ནས་ཉམས་བཟོ་བྱེད་བཞིན་ཡོད་ཅེས་བརྗོད།

    ཉེ་ཆར། གསར་འགོད་པ་ལྡོང་ཚང་བཀའ་བསྟན་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་སྐབས་གསུང་རབ་གླེགས་བམ་ཆ་ཚང་རེ་རེ་བཞིན་གྱང་གི་མཐོ་ཚད་དང་སྙོམས་པའི་ཀུན་དགའ་ར་བར་གྲལ་སྒྲིག་པོར་བཤམས་པ་མཐོང་། ཞིབ་ལྟ་བྱེད་སྐབས་གསུང་རབ་གླེགས་བམ་ཚང་མ་མེ་ཏོག་གི་བརྐོས་བརྒྱབ་པའི་ཙན་དན་གྱི་གླེགས་ཤིང་གིས་བཏུམས་ཡོད་པ་མ་ཟད། པོ་ཏི་རེར་ཤོག་ལྷེ་400ཙམ་ཡོད་པ་ཕལ་ཆེ་བ་གསེར་ཡིག་བྲིས་མ་ཤ་སྟག་རེད། གསུང་རབ་ཀྱི་ཤོག་ལྷེ་ཚང་མའི་ངོས་གཉིས་སུ་ད་དུང་བྱུ་རུ་དང་གཡུ་སོགས་རང་བྱུང་གཏེར་ཚོན་ལས་བཞེངས་པའི་སྐུ་བརྙན་ཡོད་པ་དེ་དག་བཟོ་དབྱིབས་དང་རྣམ་པ་མི་འདྲ་བ་ཡིན་པ་ལས་བསྐྱར་ཟློས་གཅིག་ཀྱང་མེད་པ་མཐོང་བྱུང་།

    “སྤྱན་གཟིགས་དང་ཉར་ཚགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་ཕུད། 《བཀའ་བསྟན་འགྱུར》འདི་ཉིད་མཁས་དབང་ཚོས་བོད་རིགས་ས་ཁུལ་གྱི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད”ཅེས་བདེ་བཟང་གིས་བརྗོད་ཅིང་། ཁོང་གིས་ལྡོང་ཚང་བཀའ་བསྟན་ནང་བཀའ་འགྱུར་དང་བསྟན་འགྱུར་སོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་ཀྱི་སྙིང་པོ་འཁོད་ཡོད་པ་མ་ཟད། ད་དུང་དེའི་ནང་གསོ་བ་རིག་པ་དང་། སྒྲ་རིག་པ། ཨར་ལས་རིག་པ། སྐར་རྩིས་རིག་པ་སོགས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཆ་ཚང་ཚུད་ཡོད་པས་བོད་ཀྱི“ཤེས་བྱ་ཀུན་བཏུས་ཆེ་མོ”ཞེས་བརྗོད་ཆོག་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།