དབུ་ཤོག>བོད་ཀྱི་རིག་གནས།
  • 《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་དཔལ་ལྡན།   |     སྤེལ་དུས།  2017-09-23

    436756_yis_1505972577190_s.jpg

    ལྷོ་ནུབ་མི་རིགས་སློབ་ཆེན་དང་སི་ཁྲོན་བོད་ཡིག་སློབ་གྲྭ་སོགས་ལ་དཔར་ཕུད་ལེགས་སྐྱེས་གནང་བ།

    436762_yis_1505972832593_s.jpg

    ཚོགས་འདུའི་ཡུལ་དངོས།

    སྤྱི་ཟླ་9པའི་ཚེས་8པའི་སྔ་དྲོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་དང་དཔེ་ཆ་འབུལ་བའི་མཛད་སྒོ་གྲོང་ཁྱེར་ཆེ་མོ་ཁྲེན་ཏུའུ་རུ་གཟབ་རྒྱས་ངང་འཚོགས། ཚོགས་འདུའི་ཐོག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྒན་ཟླ་བ་བློ་གྲོས་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་བསོད་ནམས་ཕུན་ཚོགས། གླིང་གཙོ་གཞོན་པ་ཡེ་ཤེས་དོན་གྲུབ། དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་ཁྲིད་དགེ་རྒན་ཐུབ་བསྟན་ཕུན་ཚོགས། དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མའི་མཛུབ་ཁྲིད་དགེ་རྒན་ཚེ་རིང་འགྱུར་མེད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ་དགེ་རྒན་ཆེན་མོ་འགྱུར་མེད་ཚེ་དབང་། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་འགན་འཛིན་པ་འཇམ་བློ། 《བོད་ཀྱི་སློབ་གསོ》དུས་དེབ་ཁང་གི་འགོ་གཙོ་ནོར་བུ་ཚེ་རིང་། 《བོད་ལྗོངས་ཉིན་རེའི་ཚགས་པར》ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་སོགས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་མཁས་དབང་ཉེར་གཅིག་ལྷག་དང་། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་ལས་གཉེར་པ་མི་གྲངས་ཉི་ཤུ་ལྷག་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས། དེ་བཞིན་དཔེ་སྐྲུན་ཁང་གི་འབྲེལ་ཡོད་རྩོམ་སྒྲིག་པ་བཅས་ཁྱོན་མི་གྲངས་བདུན་ཅུ་ལྷག་ཙམ་ཚོགས་འདུར་ཞུགས་གནང་ཡོད།

    《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་ལས་གཞི་འདི་ནི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་རྣམ་གྲངས་མཛོད་དུ་ཚུད་པའི་རྣམ་གྲངས་དང་། 2015ལོར་ཀྲུང་དབྱང་གི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་བརྡ་ཐོ་གཞིར་བཟུང་སྟེ། མི་རིགས་ཀྱི་ཡི་གེའི་དཔེ་སྐྲུན་ཆེད་སྤྱོད་མ་དངུལ་གྱི་རོགས་སྐྱོར་རྣམ་གྲངས་འགངས་ཆེན་ཞིག་ཡིན་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གཉིས་ཀྱིས་ཉེ་བའི་ལོ་ཤས་རིང་ལ་མཉམ་འབྲེལ་ཐོག་སྙན་ངག་མེ་ལོང་མའི་གཞུང་འགྲེལ་གལ་ཆེན་གྱི་དཔེ་རྙིང་འཚོལ་བསྡུ་དང་། མྱུར་སྐྱོབ། རྩོམ་སྒྲིག དཔེ་སྐྲུན་བཅས་ཀྱི་ལས་ཀ་གཉེར་ནས་དུས་ཡུན་གང་འཚམས་ཤིག་སོང་མཐར། མེ་ལོང་མའི་སྐོར་གྱི་དཔེ་རྒྱུན་རིན་ཐང་བྲལ་བ་མང་པོ་ཞིག་བསྡུ་ཐུབ་པ་བྱུང་བ་དང་། སྔ་རྗེས་སུ་བོད་ཁམས་ཀྱི་མཁས་པ་མང་པོ་གདན་དྲངས་ཏེ་གཞུང་འདིའི་རྩོམ་སྒྲིག་དང་ཞུ་དག དཔེ་སྐྲུན་སོགས་ཀྱི་ཐད་ནས་དགོངས་འཆར་དང་མཛུབ་སྟོན་གནང་བ་བསྡུ་ལེན་གང་ལེགས་བྱས་ཏེ། དེབ་ཉི་ཤུའི་བདག་ཉིད་ཅན་གྱི་དཔེ་ཚོགས་ཆེན་པོ་འདི་ཉིད་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་སྤྱན་སྔར་འབུལ་ཐུབ་པ་བྱུང་བ་རེད།

    ཚོགས་འདུའི་ཐོག་དང་པོ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་དང་དཔེ་ཆ་འབུལ་བའི་མཛད་སྒོ་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིག་ཕུལ་བ་དང་། དཔེ་ཆ་འབུལ་བའི་ལས་རིམ་ལ་རྒན་ཟླ་བ་བློ་གྲོས་ལགས་དང་། རྒན་ཐུབ་བསྟན་ཕུན་ཚོགས། རྒན་ཨ་སྔགས་ཚེ་རིང་བཀྲ་ཤིས་བཅས་ཀྱིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་དཔེ་མཛོད་ཁང་བཅས་ལ་དེབ་ཉི་ཤུའི་བདག་ཉིད་ཅན་གྱི་《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》ཀྱི་དཔེ་ཚོགས་གཟིགས་རྟེན་དུ་ཕུལ། མཁས་པའི་བགྲོ་གླེང་གི་ལས་རིམ་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་འགན་འཛིན་པ་འཇམ་བློ་ལགས་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྒན་ཟླ་བ་བློ་གྲོས་ལགས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ་ལྕང་ཞབས་པ་འགྱུར་མེད་ཚེ་དབང་སོགས་ཀྱིས་རིམ་པ་བཞིན《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》ཀྱི་དཔེ་རྒྱུན་འཚོལ་བསྡུ་བྱེད་སྟངས་དང་དཔེ་ཚོགས་པར་སྐྲུན་གྱི་དོན་སྙིང་སོགས་ཀྱི་སྐོར་ལ་དགོངས་འཆར་ལྷུག་གླེང་གནང་ཞིང་། ཚང་མས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ལེགས་སྒྲུབ་བྱས་པའི་བྱ་བཞག་རླབས་ཆེན་ལ་བསྟོད་བསྔགས་དང་གདེང་འཇོག་ཆེན་པོ་གནང་།

    《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》ཀྱི་དཔེ་ཚོགས་འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་པས་མཛད་པའི་སྙན་གཞུང་རྩ་འགྲེལ་ཕྱོགས་བསྒྲིགས་བྱེད་ཐེངས་དང་པོ་ཡིན་པས། མི་རིགས་རང་ཉིད་ཀྱི་ཚེ་སྲོག་གི་གཟུང་ཐག་ལྟ་བུར་གྱུར་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་བསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད་ལ། བོད་ཀྱི་གཙུག་ལག་རིག་གནས་སྤྱི་དང་ཁྱད་པར་དུ་རིག་གནས་ཆུང་བ་ལྔའི་ཡ་གྱལ་སྙན་ངག་མེ་ལོང་མར་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཀུན་ལ་རིན་ཐང་བྲལ་བའི་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་གནང་ཡོད།

    སྙན་ངག་མེ་ལོང་གི་རྩ་བ་ནི་སློབ་དཔོན་དབྱུག་པ་ཅན་གྱིས་བརྩམས་ཤིང་། དུས་རབས་བཅུ་གསུམ་པར་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བོད་ཡིག་ཏུ་བསྒྱུར་བ་རེད། མཚན་བྱང་རྒྱས་པར《ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང》ཞེས་འབོད་ཀྱིན་ཡོད། སློབ་དཔོན་དཎྜི་སྟེ་བོད་སྐད་དུ་སློབ་དཔོན་དབྱུག་པ་ཅན་ཞེས་བརྗོད། སློབ་དཔོན་འདི་ཕྱི་རོལ་མི་སྟེགས་པའི་པཎྜི་ཏ་ཞིག་ཡིན་ཞིང་། བྲམ་ཟེའི་རིགས་ཀྱི་ཆ་བྱད་ལག་ཏུ་དབྱུ་གུ་འཆང་བས་དབྱུག་པ་ཅན་ཞེས་ཐོགས་པ་ཡིན་ནོ།། སློབ་དཔོན་འདི་ཆུང་དུས་ནས་ཕ་མ་གཉིས་ཀ་འདས་ནས་དྭ་ཕྲུག་ཏུ་གྱུར་ཏེ་གནས་ངེས་མེད་དུ་འཁྱམས། སྐབས་ཤིག་ཡུལ་དེར་རྒྱལ་པོ་དང་འབངས་མ་མཐུན་པའི་འཁྲུགས་པ་བྱུང་བའི་རྐྱེན་བྱས་ཏེ་ནགས་ཁྲོད་དུ་བྲོས་ནས་ཡུན་རིང་སྡོད་སྐབས་རིག་གནས་ལ་མཁས་པར་སྦྱངས། ཡུལ་གྱི་འཁྲུགས་པ་ཞི་རྗེས་སླར་འཁོར་ཏེ་རྒྱལ་པོ་པཱལླ་བའི་བློན་པོར་གྱུར། བཤད་རྒྱུན་གཞན་ཞིག་ལ། སློབ་དཔོན་འདི་རྒྱལ་པོ་པུ་ལ་ཀེ་ཤ་ཞེས་བྱ་བའི་སྤུན་ཁྱབ་འཇུག་འཕེལ་དང་མཛའ་གྲོགས་སུ་གྱུར་པས། རྒྱལ་པོ་དེའི་བུ་འགའ་ཞིག་གི་ཆེད་དུ《སྙན་ངག་མེ་ལོང》འདི་བརྩམས་པ་ཡིན་ཟེར། ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་མ་འདི་ཉིད་ཤོང་སྟོན་གྱིས་ཐོག་མར་བསྒྱུར་བ་དང་། དཔང་ལོ་ཙཱ་བས་འགྱུར་ལེགས་པར་བཅོས། དེ་ནས་བཟུང་ད་བར་རིམ་བཞིན་འཐུས་ཚང་གྲ་རྒྱས་སུ་ཕྱིན་ཡོད།

    436797_yis_1505974605880_s.jpg

    སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་འགན་འཛིན་པ་མཁན་པོ་འཇམ་བློ་ལགས་ཀྱིས་དཔེ་སྐྲུན་གྱི་བརྒྱུད་རིམ་ངོ་སྤྲོད་གནང་བཞིན་པ།

    436645_yis_1505968947842_s.jpg

    《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》པོད་ཉི་ཤུའི་བདག་ཉིད་ཅན།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།