དམངས་ཁྲོད་ལྷ་མོ་ཚོགས་པའི་འཁྲབ་སྟོན་སྐབས་ཀྱི་ཞན་ཆ་གླེང་བ།(སྟོད་ཆ)
དུས་ཚོད་ལ་ཕྱིར་འདང་བྱེད་སྐབས། ང་རང་ལྷ་སར་ལས་ཀ་སྒྲུབ་པར་སླེབས་ཏེ་མི་ལོ་ལྔ་སོང་། མི་ལོ་ལྔའི་དུས་ཀྱི་བགྲོད་ལམ་ནང་། ངས་གཞུང་ལས་ཆེ་ཆུང་སྣ་མང་བསྒྲུབས་པའི་ནང་ནས། ལོ་རེའི་ཞོ་སྟོན་སྐབས་སུ་ཞིང་གྲོང་ཁག་ནས་ཕེབས་པའི་དམངས་ཁྲོད་ལྷ་མོ་ཚོགས་པར་ཞབས་ཞུ་བསྒྲུབ་རྒྱུ་དེ་སྤྲོ་སྣང་ཆེ་ཤོས་ཤིག་ཏུ་བརྩིས་བཞིན་ཡོད། ཞོ་སྟོན་དངོས་སུ་ཚུགས་སྐབས་ལས་ཀ་ཙག་ཙིག་དག་རིམ་པ་བཞིན་བསྒྲུབས་རྗེས། ངས་རེ་ལྟོས་ཆེ་ཤོས་བྱེད་ས་ཞིག་ནི་ལུས་སེམས་ལྷོད་པོར་ལྷ་མོའི་ལྟད་མོར་རོལ་རྒྱུ་དང་། དཔྱད་འདེམས་པ་རྒན་གྲས་བསྟན་འཛིན་ཚེ་རིང་ལགས་དང་། ཐུབ་བསྟན་ལགས། བྱམས་པ་ཆོས་རྒྱལ་ལགས་ལྟ་བུའི་པུས་འགྲམ་དུ་བསྡད་དེ་ཁོང་རྣམས་དང་གར་སྟེགས་ཐོག་གི་ལྷ་མོའི་འཁྲབ་སྟོན་སྐོར་གླེང་ཐུབ་ཐབས་བྱ་རྒྱུ་དེ་ཡིན། ཉེ་བའི་ལོ་ཤས་རིང་གི་འཁྲབ་སྟོན་སྤྱི་ལ་བལྟས་ཚེ་འཁྲབ་བཞུགས་ལྷ་མོ་བ་ཚོ་ཧུར་བརྩོན་ཆེ་བ་དང་། ཚོགས་པ་མང་ཆེ་བའི་འཁྲབ་གོས་ལ་དང་དོད་ཆེ་ཙམ་ཡོད་པ། འགྲན་བསྡུར་སྔོན་དུ་ནང་སྦྱོང་གང་དྲག་བྱས་ཡོད་སྟབས་འཁྲབ་སྟོན་སྐབས་འཁྲབ་འཛོལ་ཉུང་ཞིང་། ཉིན་འཁྱོངས་འཁྲབ་སྟོན་འགན་ལེན་ཐུབ་པ་ཤ་སྟག་ཏུ་མཐོང་། ཁོང་ཚོའི་སྙན་ཞིང་འཇེབས་པའི་ལྷ་མོའི་རྣམ་ཐར་དང་། མཛེས་ཞིང་བབ་ཆགས་པའི་ལྷ་མོའི་འཁྲབ་འཁྱེར། མི་སེམས་འགུལ་བའི་འཁྲབ་གཞུང་བཅས་ཀྱིས་རྒྱ་ཆེའི་གཟིགས་མོ་བ་ཀུན་ལ་ངོམ་པ་མེད་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་སྦྱིན་པས་ཀུན་གྱི་དགའ་བསུའང་དཔགས་མེད་ཐོབ། དེས་ང་ཚོས་དུས་རྒྱུན་དུ་སྤོབས་པ་ཆེན་པོས་བརྗོད་པའི་བོད་ཀྱི་ལྷ་མོའི་ཡུན་རིང་བའི་ལོ་རྒྱུས་དང་། གསོན་ཉམས་ལྡན་པའི་ཚེ་སྲོག ངོ་གནོང་མི་དགོས་པའི་སྒྱུ་རྩལ་གྱི་བདེན་ཁ་ར་འཕྲོད་ཐུབ་པ་མ་ཟད། དུས་རབས་ཉེར་གཅིག་གི་དེ་རིང་ཡང་། བོད་ཀྱི་དམངས་ཁྲོད་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་དང་། རྒྱུན་འཛིན་བྱུང་དང་འབྱུང་བཞིན་པའི་རྣམ་པ་ཡོངས་སུ་མངོན། འོན་ཀྱང་དེ་རིང་འདིར་ལྷ་མོ་ཚོགས་པ་ཁག་སོ་སོའི་དགེ་མཚན་དག་ས་བསྟོད་གནམ་བསྟོད་ཚུལ་དུ་ཞིབ་བཤད་བྱ་མ་དགོས་པར། ལོ་ཤས་ཀྱི་འཁྲབ་སྟོན་རིང་མཐོང་བའི་སྐྱོན་ཆ་འགའ་ཞིག་བརྗོད་རྒྱུ་གཙོ་བོར་བྱས་ནས་ཞུས་ན།
གཅིག འཁྲབ་གཞུང་ནང་ལྟད་མོའི་མཐོ་རླབས་འཕྱུར་དགོས་ངེས་ཀྱི་ནང་དོན་གལ་ཆེ་གྲས་འགའ་སྒྱུ་རྩལ་ལམ་ནས་གནད་ལ་འཁེལ་པོས་སྟོན་མི་ཐུབ་པ།
ལྷ་མོའི་འཁྲབ་གཞུང་གང་དང་ཅི་ཡིན་རུང་། འཁྲབ་སྟོན་གྱི་རྒྱུད་རིམ་མང་པོ་ཡོད་པ་དེ་དག་ཚང་མ་དགོས་གལ་ཆེ་བར་མཐོང་ནའང་། དེ་དག་གི་ཁྲོད་དུ་ལྟད་མོའི་མཐོ་རླབས་འཕྱུར་དགོས་ངེས་ཀྱི་གནས་འགའ་ཞིག་ཡོད་པས་དམིགས་བཀར་འཁྲབ་སྟོན་བྱ་དགོས། དེའང་མཐོ་རླབས་འཕྱུར་ས་ཟེར་བ་གོ་བདེར་བཤད་ན་ལྟད་མོ་ཆེ་ཤོས་མཚམས་དེར་ཟེར། ལྟད་མོ་ཆེ་ཤོས་ཟེར་བའི་སྐད་ཆ་དེ་བགད་མོ་དགོད་རྒྱུ་ཡོད་པ་ཁོ་ན་ཙམ་ལ་མི་གོ་བར། དེའི་ནང་དགའ་སྐྱོ་ཆགས་སྡང་གང་རུང་ཚུད་ཡོད། འདི་གར་དཔེ་ཙམ་དྲངས་ན། འཁྲབ་གཞུང་སྣང་ས་འོད་འབུམ་ནང་ཨ་ནེ་སྙིད་མོས་སྣང་སར་རྒྱུག་པ་ལན་མང་བརྒྱབ་པ་དང་། མགོ་སྐྲ་གཏོགས་པ། དེ་ནས་གྲགས་པ་བསམ་གྲུབ་དང་དཔོན་དགྲ་ཆེན་གྱིས་ཀྱང་སྣང་སར་ཉེས་བརྡུངས་བཏང་མཐར་སྣང་ས་གྲོངས་པའི་སྐོར་ལྟ་བུ། འཁྲབ་གཞུང་འགྲོ་བ་བཟང་མོའི་ནང་ཧ་ཅང་བདུད་མོས་ཁྱི་སྙིང་ཚྭ་ལ་བསྲེས་ཏེ་བཟའ་བའི་ང་རྒྱལ་ཧམ་སེམས་ལྟ་བུ། འཁྲབ་གཞུང་གཟུགས་ཀྱི་ཉི་མའི་ནང་གཟུགས་ཀྱི་ཉི་མས་བྲམ་ཟེ་སྒོམ་ཆེན་གྱི་བཀའ་སློབ་དོར་ཏེ། སྲུང་བ་མུ་ཏིག་ཕྲེང་བའི་གསང་བ་ཡ་མགནྡེར་བཤད་པ་མ་ཟད། མོའི་མིག་ངོར་བསྟན་པས། གཡོ་ཅན་ཡ་མ་གནྡེས་ཕྲེང་བ་བརྗེ་པོ་བརྒྱབ་སྟབས་གཟུགས་ཀྱི་ཉི་མའི་རང་སྲུང་མཐུ་ནུས་མེད་པར་གྱུར་ཏེ་མ་ཉེས་ཁ་གཡོགས་གནས་སུ་ལྷུང་བའི་སྐོར་ལྟ་བུ་ཡིན། དུས་རྒྱུན་རང་ཚོའི་ལྷ་མོ་བ་ཚོས་གཞུང་དངོས་འཁྲབ་སྐབས་དེ་ལྟ་བུའི་ནང་དོན་ཁག་སྒྱུ་རྩལ་ཐོག་ནས་མངོན་མཚོན་བྱ་ཐབས་ཐད་ཅུང་ཟད་མ་འདང་བར་སྙམ། དཔེ་ཙམ་བརྗོད་ན། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱིས་ནོར་བུ་དགོས་འདོད་དཔུང་འཇོམས་དང་། གླང་པོ་ཆེ་གསུམ། རྟ་དང་། སྲས་ལྕམ་སྲིང་གསུམ། ཆུང་མ་མནྡེ་བཟང་མོ་བཅས་རིམ་པ་བཞིན་སློང་མོ་བར་སྦྱིན་པར་བཏང་རྗེས། མཇུག་མཐར་རང་ལུས་ཀྱི་སྤྱན་གཉིས་པོའང་ཕངས་སེམས་མེད་པར་བྲམ་ཟེ་ལོང་བར་སྦྱིན་པ་བཏང་བ་དེ་ནི་ཆོས་ཀྱི་སྙིང་པོ་སྦྱིན་པའི་ལམ་དུ་དོན་དམ་གྱིས་གཞོལ་བའི་རྟགས་ཏེ། སྦྱིན་པའི་ནང་གི་ཚད་མཐོ་ཤོས་དེ་རེད། འཁྲབ་གཞུང་ཧྲིལ་པོའི་ནང་སྙིང་རྗེ་ཆེ་ཤོས་དང་། མི་སེམས་འགུལ་ཤོས། གལ་ཆེ་ཤོས་ཀྱང་གནས་སྐབས་དེ་རང་ལ་རགས་ལུས་ཡོད་པས། ང་ཚོའི་འཁྲབ་སྟོན་པ་ཚོས་སྤྱན་སྦྱིན་པ་གཏོང་བའི་སྐོར་དེ་དམིགས་བཀར་འཁྲབ་སྟོན་བྱས་ཏེ། ལྟད་མོའི་མཐོ་རླབས་འཕྱུར་བ་བྱ་དགོས། འོན་ཏེ། དྲི་མེད་ཀུན་ལྡན་འཁྲབ་མཁན་གྱི་ཡ་ཐོད་དུ་མིག་བཏོན་ཁུལ་ཙམ་གྱི་ཁྲག་ཐིགས་ཕོག་པའི་རས་དཀར་པོ་ཞིག་ཐད་ཀར་བཏགས་པ་ཙམ་ལས་དེ་མིན་འཁྲབ་ཆས་དང་འཁྲབ་རྩལ་གང་གི་ཆ་ནས་ཀྱང་དེའི་སྐོར་སྟོན་མ་ཐུབ་པ་ནི་ཟས་ལ་ཚྭ་ཉུང་བ་བཞིན་ནང་དོན་སླ་པོར་གྱུར་ཏེ། ལྟད་མོ་བ་ཚོས་དྲི་མེད་ཀུན་ལྡན་གྱིས་སྤྱན་ཟུང་སྦྱིན་པར་བཏང་བའི་ནང་དོན་ཤེས་ཐུབ་མིནའང་ཐེ་ཚོམ་གནས་སུ་གྱར། སྐབས་དེ་ན། མ་མཐར་ཡང་རྒྱལ་བུ་དྲི་མེད་ཀུན་ལྡན་སྐྱིལ་དཀྲུང་མཛད་དེ་སྤྱན་འདོན་ཚུལ་དང་། ཞལ་རས་དང་སྐུ་མདུན་ཁྲག་གིས་ཁེངས་ཚུལ། སྤྱན་བཏོན་ཟིན་རྗེས་འགྲོ་སྐྱོད་ལེགས་པོ་མ་ཐུབ་པར་མནྡེ་བཟང་མོས་སྐྱོར་ཏེ་བྱོན་ཚུལ་ཁག་སྒྱུ་རྩལ་ལམ་ནས་མངོན་མཚོན་བྱ་དགོས། རང་ཚོའི་ལྷ་མོ་བ་ཚོས། འཁྲབ་གཞུང་ནང་གི་མཐོ་རླབས་འཕྱུར་དགོས་ངེས་ཀྱི་གནས་ཁག་དམིགས་བཀར་འཁྲབ་སྟོན་བྱ་ཐུབ་ཚེ། ལྟད་མོ་བར་དམིགས་བསལ་བག་ཆགས་འཇོག་ཐུབ་ལ། ལྷ་མོའི་འཁྲབ་གཞུང་དངོས་ལ་རྒྱུས་མངའ་དེ་ཙམ་མེད་པའི་དེང་གི་མི་མང་པོས་ལྷ་མོ་ཞེས་པ་དེ་འདྲ་པོ་འདྲ་པོ་རེད་ཟེར་བའི་བཤད་རྒྱུན་ཕྱོགས་ལྷུང་དེ་རིགས་གཙང་སེལ་ཐུབ།
གཉིས། འཁྲབ་སྟོན་སྐབས་དེང་དུས་དར་སོ་ཆེ་བའི་ཅ་དངོས་སྣ་ཚོགས་འདྲེས་མང་བ།
ལྷ་མོ་ནི་ལོ་རྒྱུས་ཡུན་རིང་ཞིང་། དེ་ཡི་འཁྲབ་གཞུང་ཁག་ནི་སངས་རྒྱས་ཀྱི་སྐྱེས་རབས་དང་མཛད་པ། དེ་བཞིན་བོད་པ་རང་གི་དམངས་ཁྲོད་གཏམ་རྒྱུད་ལས་བྱུང་བ་ཤ་སྟག་ཡིན་པས། ད་ལྟའི་ལྷ་མོ་བ་ཚོས་འཁྲབ་བྱའི་ནང་དོན་ཡང་སྔ་མོའི་དུས་ཚོད་དང་སྔ་མོའི་འཚོ་བའི་ནང་གི་གཏམ་རྒྱུད་རེད། ལྷ་མོ་བ་ཚོས་ལྷ་མོའི་འཁྲབ་གཞུང་ནང་གི་མི་སྣ་གང་རུང་འཁྲབ་ནའང་རང་ཉིད་དུས་ཚོད་དེའི་ནང་ཕྱིར་ལོག་བྱ་དགོས་པ་ཨ་ཅང་བརྗོད་མེད་ཡིན་ཁར། འཁྲབ་སྟོན་པའི་བྱ་སྤྱོད་གཏམ་གྱི་ཐོག་ནས་འཁྲབ་བྱའི་མི་སྣ་དེའི་གཤིས་ཀ་མངོན་མཚོན་ཐུབ་པ་བྱ་དགོས། འཁྲབ་སྟོན་ནང་གི་ཡོ་བྱད་དག་སྐབས་དེའི་འཚོ་བའི་ཁོར་ཡུག་དང་བསྟུན་གང་ཐུབ་བྱ་དགོས་པ་ནི་མ་མཐའི་བླང་བྱ་རེད་ལ། དེ་ནི་གློག་བརྙན་འཁྲབ་སྐབས་ཀྱི་རེ་བ་དང་གཅིག་རེད། འཁྲབ་སྟོན་པའི་བླང་བྱའང་དེ་ལྟར་རེད། ཡིན་རུང་། ཡིད་ཕངས་དགོས་པ་ཞིག་ལ། རང་ཚོའི་ལས་ཞོར་ལྷ་མོ་བ་ཕལ་ཆེ་བས་དེ་ལྟ་བུའི་རེ་བ་ཆུང་སའང་བསྒྲུབ་ཐུབ་མེད། དཔེར་ན་ལྷ་མོའི་དགེ་རྒན་མང་པོས་གར་སྟེགས་ཐོག་ལྷ་མོ་འཁྲབ་སྐབས་སྐོམ་པ་བསེལ་ཆེད་དེང་གི་འཐུང་བྱའི་འགྱིག་དམ་སྣ་ཚོགས་ཁ་གཅོད་ཕྱེས་ནས་རང་དགར་འཐུང་བྱ་སྤྱོད་པ་དང་། འཁྲབ་སྟོན་ནང་དགོས་ངེས་པའི་ཞལ་དཀར་དང་། སྡེར་མ་དང་། ཆང་དམ། སྣོད་ཁུག་ལྟ་བུའི་ཅ་དངོས་ཆུང་རིགས་ཚབ་ཏུ་དེ་རིང་ཁ་སའི་འཚོ་བའི་ཁྲོད་དར་སོ་ཆེ་བའི་ཤོག་ཕོར་དང་། འཐུང་བྱའི་འགྱིག་དམ། རས་ཁུག་ལྟ་བུ་བེད་སྤྱོད་བྱེད་པའི་སྣང་ཚུལ་མང་བ། མ་གཞི་ཅ་དངོས་དེ་རིགས་ཀྱིས་འཁྲབ་སྟོན་རིང་གི་སྐབས་འཕྲལ་དགོས་མཁོ་སྐོང་ཐུབ་ནའང་། དེ་དག་ནི་དེང་གི་འཚོ་བའི་ནང་རྒྱུགས་ཆེ་བའི་ཅ་དངོས་ཤ་སྟག་ཡིན་པ་ལས། ལྷ་མོའི་ནང་གི་སྲོལ་རྒྱུན་མཁོ་ཆས་མ་ཡིན་སྟབས་འཁྲབ་བྱའི་ནང་དོན་དང་ཅ་དངོས་ཕན་ཚུན་འགལ་ཟླ་ཆགས་པ་རེད། གལ་ཏེ་དེང་དུས་ཀྱི་བརྗོད་བྱ་གཞིར་བྱས་པའི་ལྷ་མོའི་འཁྲབ་གཞུང་གསར་པ་ཞིག་ཡིན་པའི་དབང་དུ་བཏང་ན། ཅ་དངོས་དེ་དག་ཐོན་མ་སྲིད་པའི་ངེས་པ་མེད། ཡིན་ནའང་། སྔ་མོའི་དུས་སུ་བྱུང་བའི་གཟུགས་ཀྱི་ཉི་མ་དང་། པད་མ་འོད་འབར། འགྲོ་བ་བཟང་མོ་ལ་སོགས་པའི་རྒྱལ་རབས་འཁྲབ་གཞུང་ཁག་ནང་དེ་ལྟའི་ཅ་དངོས་ཡོད་མི་སྲིད་པ་ཞིག་ཡིན་པས། རང་ཚོའི་དམངས་ཁྲོད་ལྷ་མོ་ཚོགས་པས་འཁྲབ་རའི་ཐོག་དེ་ལྟའི་སྣང་ཚུལ་མ་ཐོན་པ་བྱ་དགོས། ལྷ་མོ་བ་ཚོས་ཡུལ་དུས་གང་དུ་སླེབས་རུང་། ལྷ་མོའི་ནང་དོན་དང་མ་མཐུན་པའི་དེང་གི་དར་སོ་ཆེ་བའི་ཅ་དངོས་དེ་རིགས་འཁྲབ་སྟོན་སྐབས་རེ་ཞིག་ཕར་ལ་འཇོག་དགོས་པ་ལས། གར་སྟེགས་ཐོག་རང་དགར་སྤྱད་ན་མི་འཚམས། སྔ་མོ་འཁྲབ་ན་སྔ་ཉམས་དང་། དེང་དུས་འཁྲབ་ན་དེང་གི་རྣམ་པ་འཁྲབ་དགོས་པ་དེ་ཡིན་ཅིག་སེམས་ལ་འཇོག་དགོས། དུས་ཕྱིས་ལྷ་མོ་བ་ཀུན་གྱིས་དེ་ལྟའི་གནས་ཚུལ་ཆུང་ཚགས་རིགས་ལ་དོ་སྣང་གནང་རྒྱུ་དང་། ནམ་རྒྱུན་ལྷ་མོ་འཁྲབ་སྐབས་འཁྲབ་བྱའི་ནང་དོན་གྱི་དགོས་མཁོ་དང་། སྐབས་དེའི་དུས་དང་འཚམས་གང་ཐུབ་ཀྱི་ཡོ་བྱད་འདེམས་དགོས་པ་གལ་ཆེན་ཡིན་ལ། དེ་ནི་ལྷ་མོ་བའི་བྱང་ཚད་དང་། འཁྲབ་སྟོན་སྤྱིའི་ཆུ་ཚད་དང་འབྲེལ་བ་དམ་ཟབ་ལྡན་པ་ཞིག་ཡིན་བརྗེད་དུ་མ་འཆུག