སླར་ཡང་གྲགས་པའི《སྲས་དད་པ་བརྟན་པའི》རྣམ་ཐར་གྱི་རྟ་དབྱངས།
ལོ་གཅིག་དུས་གཅིག་གི་ལྷ་སའི་ཞོ་སྟོན་གྱི་ཉིན་དྲུག་པར་གཙང་གཡས་རུའི་ལྟེ་བ། རྣམ་གླིང་རྫོང་ཤངས་ཀྱི་གྲོང་ཚོའི་ལྷ་མོ་རུ་ཁག་གཅིག་བོད་ཀྱི་ལྷ་མོ་འཁྲབ་སྟོན་སྐབས་དྲུག་པར་ཞུགས་ཏེ་ནོར་གླིང་ལྷུན་གྲུབ་དགའ་ཚལ་དུ་རུ་ཁག་དེ་རང་གི་ཐུན་མོང་མིན་པའི་འཁྲབ་གཞུང《སྲས་དད་པ་བརྟན་པའི》རྣམ་ཐར་འཁྲབ་སྟོན་བྱ་རྒྱུ་ཡིན་པའི་གཏམ་བཟང་གིས་ཕྱོགས་མཚམས་ཀུན་གྱི་ལྟད་མོ་བ་མང་དག་ཅིག་བསྐུལ་གྱུར་ཏེ། ཞོགས་པ་སྔ་གསར་གསར་ནས་ལྟད་མོ་བས་འཁྲབ་ཡུལ་རྡོ་གཅལ་གྱི་མཐའ་ཡོངས་སུ་བསྐོར་ནས་འདུག་ཅིང་། ལྡིང་ལྡིང་རྔ་སྦུབ་ཀྱི་སྐད་སྒྲ་ལས་གླིང་ག་ཧྲིལ་པོར་དུས་ཆེན་གྱི་ཉམས་འགྱུར་ཤིན་ཏུ་དོད་ལ། སྔ་ས་ནས་བཞུགས་ས་ཟིན་པའི་བགྲེས་སོང་མང་དག་ཅིག་གིས་ཕྱག་ཏུ་བསྣམས་པའི་མ་ཎི་སྐོར་བཞིན་དུ་ལྷ་མོར་གཡེངས་ནས་སྤྲོ་སྣང་ཧ་ཅང་དོད།
གཟིགས་མོ་བའི་ཁྲོད་དུ་བཅར་འདྲི་ཞུས་པ།
གསར་འགོད་པས། རྡོ་གཅལ་གྱི་མདུན་དུ་སྐྱིལ་ཀྲུང་ལ་བཞུགས་པའི་བགྲེས་སོང་ཞིག་ལ་བཅར་འདྲི་ཞུ་སྐབས། ཁོང་ནི་མལ་གྲོ་གུང་དཀར་རྫོང་ནས་ཡིན་པ་དང་མཚན་ལ་ཀུན་བཟང་ཡར་འཕེལ་ཟེར་ཞིང་། ད་ལོ་དགུང་ལོ་73ལ་ཕེབས་འདུག དེ་རིང་གི་འཁྲབ་གཞུང་གང་ཡིན་སྐོར་འདྲི་སྐབས། ཁོང་ན་རེ། གུས་པ་ལོ་འདི་ག་ཙམ་ལ་སླེབས་ཤིང་ལྷ་མོ་བལྟས་པ་བགྲང་གིས་མི་ལངས་ཀྱང་དེ་རིང་གི་འཁྲབ་གཞུང་གང་ཡིན་ཤེས་མ་བྱུང་། གང་ལྟར་སྐད་གྲགས་ཡོད་པའི་འཁྲབ་གཞུང་ཞིག་ཡིན་པ་འདྲ། དྲང་པོ་ཞུས་ན་གུས་པས་འཁྲབ་གཞུང་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་མོད། ལོ་ལྟར་ཞོ་སྟོན་གྱི་ལྷ་མོ་མ་ཆད་པ་ལྟ་ཡི་ཡོད། ད་ཆ་ལོ་ན་མཐོ་ཡང་ལྷ་མོ་བལྟས་པ་ཙམ་གྱིས་གཞོན་ནུའི་དུས་ཀྱི་སྐྱིད་སྣང་དྲན་ཡོང་གི་འདུག་ཅེས་ཟེར། ཕ་ཡུལ་རིན་སྤུངས་རྫོང་བྲག་པ་ཤང་ནས་ཡིན་པའི་བགྲེས་སོང་སྐལ་ལྡན་ལགས་ཀྱི་ཨོག་ཚོམ་དཀར་པོར་གྱུར་ཅིང་། ཕྱག་ཏུ་བཟུང་བའི་མ་ཎི་སྐོར་བཞིན་ལྷ་མོར་གཡེངས་ནས་བཞུགས་འདུག ད་ལོ་དགུང་ལོ་80ཟིན་པའི་བགྲེས་སོང་ཁོང་ལ། ཁྱེད་ལྷ་མོ་ལ་མཉེས་པོ་ཡོད་དམ། ཞེས་ཞུས་ཙ་ན། ཁོང་གིས། བདག་རང་ཆུང་དུས་ནས་ལྟད་མོ་མང་པོའི་ཁྲོད་ནས་ལྷ་མོ་དུ་དགའ་ཤོས་ཡིན། རྣམ་ཀུན་ཞོགས་པ་སྔ་པོ་རང་ལང་གི་མེད་ཀྱང་། ཞོ་སྟོན་རིང་ཁྱིམ་ཚང་ནས་ལངས་སྔ་ཤོས་བདག་ལོ་རྒན་བརྒྱད་ཅུ་འདི་ཡིན། སྔ་པོ་ལངས་པའི་རྒྱུ་མཚན་ནི་སྔ་ཙམ་ལྷ་མོར་ལྟ་བར་ཡོང་ཆེད་ཡིན་ཞེས་གསུངས་བྱུང་། འོ་ན་སྤོ་བོ་ལགས་ཁྱེད་ཀྱིས་དེ་རིང་གི་ལྷ་མོའི་འཁྲབ་གཞུང་གང་ཡིན་མཁྱེན་ཨེ་ཡོད་ཅེས་རྗོད་སྐབས། ཁོང་གིས། བཞད་མོ་བཞད་བཞིན་དུ། ད་ངོ་ཚ་པོ་བྱས་སོང་ངཱ། ལྷ་མོའི་འཁྲབ་གཞུང་གང་ཡིན་ཤེས་མ་བྱུང་། ངས་འཁྲབ་གཞུང་གང་ཡིན་མ་ཤེས་ཀྱང་ལྷ་མོ་མཇུག་མ་འགྲིལ་བར་ལྟ་གི་ཡོད། ད་ནངས་ཞོགས་པ་གླིང་གའི་སྒོ་འཛུལ་དུས་ནས་རྔ་འཛིང་གི་འགོ་ཚུགས་ཟིན་པས་འཁྲབ་རར་སླེབས་སྔ་ཕྱི་ལའང་སེམས་འཚབ་ཆེན་པོ་བྱུང་ཞེས་གསུང་གི་འདུག
རྔོན་པའི་འདོན་གྱི་འཁྲབ་མཚམས་སུ་སླེབས་སྐབས། ན་བཟའ་དཀར་པོ་མཆོད་པ་དང་དབུ་ལ་རྒྱ་གར་ཞྭ་མོ་བཞེས་པའི་བགྲེས་སོང་ཞིག་གིས་ཕྱག་ཏུ་བསྣམས་པའི་འཁར་རྒྱུག་རང་སར་བཞག་ནས། རྔོན་པ་དང་མཉམ་དུ་འཕག་ཆེན་ལིང་ལིང་དུ་རྒྱག་པ་དང་སྦྲགས་རྣམ་ཐར་གཏོང་ཞིང་བསྐལ་བཟང་ཕོ་བྲང་ལ་ཕྱོགས་ནས་གུས་ཚུལ་ཡང་ཡང་བྱེད་ཀྱི་འདུག་ཅིང་། རེ་ཞིག་གཟིགས་མོ་བ་སྟོང་ཕྲག་མང་པོའི་འདྲེན་བྱེད་དུས་གཅིག་ཏུ་ལྷ་མོ་བ་མིན་པའི་བགྲེས་སོང་དེར་ཕྱོགས་ནས་འདུག དེ་ནས་གུས་པས་བགྲེས་སོང་དེ་འཁྲབ་ར་ནས་ཚུར་དོན་པ་དང་སྦྲགས་འཕྲལ་མར་གམ་དུ་བཅར་ནས། སྤོ་བོ་ལགས་ཁྱེད་རང་ལུང་པ་ག་ནས་ཕེབས་སམ། ལྷ་མོ་བ་དང་མཉམ་དུ་འཁྲབ་དོན་གང་ཡིན་ནམ་ཞེས་འདྲི་སྐབས། ཁོང་གིས། ང་ནི་ལྷ་ས་དན་བག་གྲོང་རྡལ་ནས་ཡིན། ཆུང་དུས་ནས་ལྷ་མོར་དགའ་པོ་སོང་སྟབས། ད་ནངས་སྔ་པོ་ནས་ལྟད་མོར་ཡོང་བ་ཡིན། དེ་རིང་གཞན་གྱིས་འཁྲབ་པར་བལྟས་པས་མ་ཚད། ད་དུང་རང་ཉིད་ངོ་མས་འཁྲབ་སྟོན་པ་དང་མཉམ་དུ་ལྷ་མོ་ཏོག་ཙམ་འཁྲབ་རྒྱུ་བྱུང་བས་སྐྱིད་པོ་བྱུང་ཞེས་གསུང་གི་འདུག་པས། སྐབས་དེར་ཁོ་བོའི་སེམས་ལ་རང་ཉིད་ཀྱི་མོས་པ་ཞེས་པ་དེ་རྩ་ཆེན་པོ་ཡིན་པ་འདྲ་སྙམ་བྱུང་། དེ་བཞིན་དུ་རྔ་རྡུང་བའི་འཁྲིས་སུ་རྐུབ་སྟེགས་ཐོག་བཞུགས་པའི་བགྲེས་སོང་ཞིག་གིས་ཀྱང་གསུང་སྐད་མཐོན་པོས་རྔོན་པ་དང་མཉམ་དུ་རྣམ་ཐར་གཏོང་གི་འདུག་པ་དེའང་ལྷ་མོར་དབྱིངས་ཞུགས་པའི་བགྲེས་སོང་ཞིག་ཡིན་པ་ཚོར།
འཁྲབ་ཆས་བརྗེ་སར་བསྐྱོད་དེ་བཅར་འདྲི་ཞུས་པ།
《སྲས་དད་པ་བརྟན་པ》ཞེས་པའི་འཁྲབ་གཞུང་དེ་ལའང་འགོ་ཚུགས་སྐབས། སྲོལ་རྒྱུན་གྱི་འཁྲབ་གཞུང་གཞན་དང་དབྱེ་བ་ཆེར་མེད་པར་རྔོན་པའི་འདོན་དང་། རྒྱ་ལུའི་རྟ་རིང་། ཨ་ཅེ་ལྷ་མོའི་གར་བཅས་རིམ་པ་བཞིན་དུ་འཁྲབ་བཞིན་པའི་སྐབས་གཞུང་དངོས་ཀྱི་བརྗོད་དོན་ཤེས་འདོད་ཧ་ཅང་ཆེན་པོ་བྱུང་སྟེ། འཁྲབ་སྟོན་པའི་འཁྲབ་ཆས་བརྗེ་སའི་གུར་དུ་བསྐྱོད་དེ་ད་ལོ་དགུང་ལོ་64ལ་ཕེབས་པའི་ལྷ་མོའི་དགེ་རྒན་ཆོས་འབྱོར་ལགས་སུ་བཅར་འདྲི་ཞུ་རྩིས་བྱས་མོད། འོན་ཏེ་ཁོང་གིས་ལྷ་མོའི་འབག་དང་ཐིག་འཁྲབ་སོགས་འཁྲབ་ཆས་མཆོད་ཟིན་ཞིང་། འབག་གི་འོག་ནས་ཞིབ་ཕྲ་བར་གསེང་ཞིག་ལ་ཞུས་ཆོག་ཅེས་ལམ་སེང་རྔ་འཛིང་གི་སྒྲ་གསན་བཞིན་དུ་འཁྲབ་རར་ཕེབས་སོང་བས་དགེ་རྒན་བགྲེས་སོང་གི་གམ་ནས་གནས་ཚུལ་ཤེས་རྟོགས་བྱེད་པའི་གོ་སྐབས་ཤོར།
མཚམས་དེར་ཁོ་བོས་འཁྲབ་ཆས་གཡོག་རོགས་བྱེད་མཁན་ལྷ་མོ་བའི་ཁོངས་མི་ཚེ་རིང་ཕན་ཐོགས་ལ་བཅར་འདྲི་ཞུ་སྐབས། ཁོང་གིས་གྲོང་ཚོ་ཆུང་ཆུང་ཞིག་གི་ལྷ་མོ་རུ་ཁག་གིས་འདི་ལོ་ལྷ་ས་ནོར་གླིང་སྡིངས་ཆར་སྐད་གྲགས་ཡོད་པའི་ལྷ་མོ་རུ་ཁག་གཞན་དང་མཉམ་དུ་ལྷ་མོ་འཁྲབ་སྟོན་བྱས་པའི་སྐོར་ཚགས་པར་ཐོག་འགོད་རྒྱུ་ཡིན་པ་ཤེས་རྗེས་དགའ་ཚོར་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ལ། རང་ཉིད་ཀྱིས་གང་ཤེས་ངོ་སྤྲོད་གནང་བྱུང་། ལྷ་མོ་རུ་ཁག་དེ་ནི་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་མཁོ་མ་གྲོང་ཚོས་སྔར་གྱི་ལྷ་མོ་བ་རྒན་གྲས་ཀྱིས་གཙོས་པའི་མི་གྲངས་32སྒྲིག་འཛུགས་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། ལྷ་མོའི་འཁྲབ་ཆས་སྣ་ཚོགས་དང་། རྔ་སྦུབ་སོགས་ཆ་ཚང་ཉོ་བའི་གྲོན་དངུལ་གྱི་ཡོངས་ཁུངས་གཙོ་བོ་ཁོང་ཚོ་རང་ཉིད་ཀྱིས་རྣམ་གླིང་རྫོང་ཁོངས་ཀྱི་ཞིང་གྲོང་འོང་སྐོར་དང་། ལོ་གསར། ཇོ་མོ་གླང་མའི་རིག་གནས་དུས་ཆེན། དེ་མིན་ཆོས་ལུགས་དུས་ཆེན་སོགས་ལ་འཁྲབ་སྟོན་བྱས་ཏེ་གཟིགས་མོ་བས་ཕུལ་བའི་ཞལ་འདེབས་དངུལ་ཡིན་འདུག ལྷ་མོ་རུ་ཁག་དེས་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་བརྒྱད་པོ་ཚང་མ་འཁྲབ་སྟོན་བྱེད་པ་མ་ཟད། དམིགས་བསལ་དུ《སྲས་དད་པ་བརྟན་པ》ཞེས་པའི་འཁྲབ་གཞུང་དེ་འཁྲབ་སྟོན་བྱེད་ཀྱི་ཡོད། འཁྲབ་སྟོན་པ་དེས་ངོ་སྤྲོད་གནང་བར་གཞིགས་ན། ཁོང་ཚོ་ལྷ་སར་སླེབས་པའི་སྔ་ནུབ་ཏུ་འཁྲབ་སྟོན་པ་ཚང་མར་དགའ་སྣང་དང་སྐྲག་སྣང་གཉིས་དུས་གཅིག་ཏུ་བྱུང་བ་སྟེ། དགའ་སྣང་ཡོང་དོན་ནི། གྲོང་ཚོ་ཆུང་ཆུང་ཞིག་གི་ལྷ་མོ་རུ་ཁག་གིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་གནས་ལྷ་སར་དུས་སྟོན་ཆེན་པོ་ཞོ་སྟོན་ལ་འཁྲབ་སྟོན་བྱ་རྒྱུ་བྱུང་བས་ཡིན་པ་དང་། སྐྲག་སྣང་ཡོང་དོན་ནི་གཟིགས་མོ་མང་ཞིང་། ལྷ་མོའི་ཆེད་ལས་པ་མང་པོ་འཛོམས་པའི་སྡིངས་ཆར་འཁྲབ་སྟོན་བྱ་རྒྱུ་དེས་རང་ཉིད་ཀྱི་སྐྱོན་ལ་དཔྱད་པ་གང་ཞིག་ཡོང་ངམ་སྙམ་པ་དེ་ཡིན་ཞིང་། རྫོང་རྒྱབ་ཀླུ་ཁང་དང་ནོར་གླིང་དུ་འཁྲབ་སྟོན་མ་བྱས་གོང་འཁྲབ་སྟོན་པ་ཚང་མས་སྡིངས་ཆར་ཚོད་འཁྲབ་ཀྱང་བྱས་ཡོད་ཅིང་། དེ་ནི་ལྷ་མོ་དངོས་གཞི་འཁྲབ་སྐབས་བདེ་བླག་ཡོང་བའི་བརྟན་ཆ་བྱས་པ་ཞིག་ཡིན་འདུག
《སྲས་དད་པ་བརྟན་པའི》འཁྲབ་གཞུང་གི་བརྗོད་དོན་གཙོ་བོ་དང་མི་སྣ།
བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་པོ་གང་རུང་ལ་མ་གཏོགས་པའི་ལྷ་མོའི་འཁྲབ་གཞུང《སྲས་དད་པ་བརྟན་པ》ཞེས་པ་དེའི་རྣམ་ཐར་ཆ་ཚང་འཁོད་པའི་དཔེ་དེབ་ལོགས་སུ་མཇལ་རྒྱུ་མེད་མོད། འོན་ཏེ་འཁྲབ་གཞུང་དེ་ནི་ཁུངས་བཙན་པའི་འཁྲབ་གཞུང་ཞིག་ཡིན་པ་སྟེ། འཁྲབ་གཞུང་དེ་ནི《བཀའ་གདམས་བུ་ཆོས》ནང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་དུམ་བུ་གཅིག་བཏོན་ནས་འཁྲབ་གཞུང་དུ་གྲུབ་པ་ཞིག་ཡིན་པ་དང་། གྲགས་ཚོད་ལྟར་ན། སྐྱེས་རབས་དུམ་བུ་དེའང་འབྲོམ་སྟོན་པ་ཞལ་བཞུགས་སྐབས། གང་ཉིད་ཀྱི་དངོས་སློབ་ཏུ་གྱུར་པའི་བླ་སློབ་མང་པོ་ཞིག་གིས་འབྲོམ་སྟོན་པ་མཆོག་ལ་འཁྲུངས་རབས་དུམ་བུ་ཞིག་གསུང་རོགས་གནང་ཞེས་རེ་བ་ནན་པོ་ཞུས་རྗེས། འབྲོམ་སྟོན་པས་སྲས་དད་པ་བརྟན་པ་ཞེས་པ་འདི་ཉིད་ཚེ་རབས་སྔོན་མ་སྔོན་མའི་སྐབས་སྐུ་ཉིད་ཡིན་པའི་ལོ་རྒྱུས་ཞིབ་ཕྲ་གསུངས་པ་ཞིག་ལགས། འཁྲབ་གཞུང་དེའི་ནང་བསྟན་པའི་ཡུལ་གྲུ་ནི་བྷང་གྷ་ལ་ཡིན་པ་དང་། བྷང་གྷ་ལའི་རྒྱལ་པོར་སྲས་དད་པ་བརྟན་པ་ཞེས་བྱ་བ་ཞིག་འཁྲུངས་པ་དེ་ནི། དུས་ཕྱིས་བོད་དུ་བྱུང་བའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡིན་ཞིང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག་ཡིན་སྟབས། སྲས་དད་པ་བརྟན་པའི་སྐུ་སྐྱེ་བཞེས་སྐབས་ཁོང་གིས་ཡབ་ཀྱི་བཀའ་བཞིན་དུ། སྲིན་པོའི་གླིང་ནས་མཁའ་འགྲོ་མ་ཡིན་པའི་སྲིན་པོའི་སྲས་མོ་མེ་ཏོག་ཀུ་ཤ་ལ་བག་མར་གདན་འདྲེན་པར་ཕེབས་པའི་ལོ་རྒྱུས་དང་། གདན་འདྲེན་སྐབས་བདུད་ཀྱི་བར་ཆད་མང་པོ་བྱུང་ཡང་ཁོང་གིས་རྒྱལ་སྲིད་ཀྱི་དོན་དང་སྒོས་སུ་སངས་རྒྱས་བསྟན་པ་དར་སྤེལ་མཛད་པའི་ཕྱིར། སྐུ་སྲོག་འབེན་ལ་བཙུགས་ནས་སྲིན་ཡུལ་དུ་ཕེབས་པའི་སྐོར་དང་། དེ་བཞིན་རྒྱལ་སྲིད་དར་རྗེས་འབངས་རྣམས་ཆོས་བཞིན་སྐྱོང་བ་དང་། དཀར་པོ་དགེ་ལས་ལ་བརྩོན་པ་དང་མི་དགེ་སྡིག་ལས་སྤོང་བའི་ཆབ་འབངས་ཞིག་ཡོད་པ་གནང་ཚུལ་བསྟན་ཡོད་པ་རེད།
རྣམ་ཐར་ནང་སྲས་དད་པ་བརྟན་པ་སྲིན་པོའི་ཡུལ་དུ་ཕེབས་སྐབས། སྲིན་པོའི་ས་སྲུང་དང་པོས་ཁ་ཏ་ཇི་ཙམ་བྱས་ཀྱང་སྙིང་སྟོབས་ཀྱི་གོ་ཆ་བཙན་པའི་སྲས་དད་པ་བརྟན་པས་ཡབ་རྒྱལ་པོའི་བཀའ་མ་བཅག་པར་བཞེད་དོན་སྒྲུབ་ཚུལ་བསྟན་ཡོད་ལ། སྲིན་པོའི་ས་སྲུང་དང་པོ་དང་། སྒོ་སྲུང་ཁག་བདུན་པོ་ཚང་མ་རྒྱལ་སྲས་ཁོང་གི་སྤྱིར་བཏང་མིན་པའི་སྙིང་སྟོབས་དང་དགེ་སེམས་ལ་ཧ་ལས་པའི་ནང་དོན་བསྟན་ཡོད་པ་རེད། རྣམ་ཐར་དེ་ནི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་གཞན་དང་མཚུངས་པར་མི་སྣ་ཧ་ཅང་པོ་འཁྲབ་དགོས་པ་ཞིག་ཡིན་ཏེ། དཔེར་ན་དེའི་ནང་མི་སྣ་རྒྱལ་པོ་ཡབ་ཡུམ་དང་། སྲས་དད་པ་བརྟན་པ། བླ་མ་མྱ་ངན་བྲལ་བ། གཞན་འཕྲུལ་དབང་བྱེད་དམ་བདུད་དགའ་རབ་དབང་ཕྱུག་གི་སྤྲུལ་པ་བཟང་ཚང་། དེའི་སྤྲུལ་པ་ཕག་པ་གཉིས། སྲིན་པོའི་རྒྱལ་པོ་ལངྒ་མགྲིན་བཅུ་དང་། སྲིན་པོའི་སྒོ་སྲུང་བ་བདུན། སྲས་མོ་མེ་ཏོག་ཀུ་ཤ་ལ་དང་དེའི་འཁོར་གཡོག་སོགས་ཡིན་པས། འཁྲབ་གཞུང་གཞི་རྒྱ་ཆེ་བས་དངོས་སུ་འཁྲབ་སྐབས་དཀའ་གནད་མང་བ་དང་འཁྲབ་མི་མང་པོ་དགོས་པའི་འཁྲབ་གཞུང་དྭངས་གཙང་ཞིག་རེད་འདུག (འཁྲབ་གཞུང་གི་བརྗོད་དོན་ཞིབ་པར་མཁྱེན་འདོད་ན《བཀའ་གདམས་བུ་ཆོས》གཟིགས་པར་འཚལ)
《སྲས་དད་པ་བརྟན་པ》ཞེས་པའི་ལྷ་མོའི་འཁྲབ་གཞུང་དེ་ཡང་སྙིང་གནའ་གྲོང་ལྷ་སར་འཁྲབ་སྟོན་ཇི་ཙམ་བྱས་ཡོད་དམ་ཞེ་ན། དེ་ཡང་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་སྤྱི་སྐུ་གཞོན་ཐུབ་བསྟན་ཚེ་དབང་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ཁོང་གི་རྣ་ཐོས་ལ་དུས་རབས་གོང་མའི་ལོ་རབས་བཞི་བཅུ་པའི་ནང་ནོར་གླིང་ལྷུན་གྲུབ་དགའ་ཚལ་གྱི་ཕོ་བྲང་རྟག་བརྟན་མི་འགྱུར་གསར་བཞེངས་ལེགས་གྲུབ་བྱུང་བའི་དགའ་སྟོན་རྟེན་འབྲེལ་གྱི་སྐབས། རྨེ་རུ་དཔོན་བཟང་ཞེས་པའི་ལྷ་མོ་ཚོགས་པ་ཞིག་གིས་འཁྲབ་གཞུང་དེ་ཉིད་བསྐལ་བཟང་ཕོ་བྲང་གི་མདུན་དུ་ཐེངས་གཅིག་འཁྲབ་པ་མ་གཏོགས་དེ་ནས་ད་བར་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་ནོར་གླིང་དུ་འཁྲབ་སྟོན་བྱེད་མ་མྱོང་བས། ད་ཐེངས་ཞོ་སྟོན་ལ་འཁྲབ་སྟོན་བྱས་པ་དེ་ནི་སླར་ཡང་གྲགས་པའི་སྲས་དད་པ་བརྟན་པའི་རྣམ་ཐར་གྱི་སྙན་དབྱངས་ཤིག་ཏུ་གྱུར་འདུག་ཅིང་། ད་ཕན་ལྷ་མོའི་གཞུང་དེར་དོ་སྣང་བྱེད་རྒྱུ་ཅུང་ལྷོད་གཡེང་དུ་ཤོར་ཡོད་ཀྱང་། རྣམ་གླིང་རྫོང་གི་མཁོ་མ་གྲོང་ཚོའི་མང་ཚོགས་ཀྱིས་འཁྲབ་གཞུང་རྒྱུན་འཛིན་ལེགས་པོ་བགྱིས་ཐོག་ལོ་བཅུ་ཕྲག་གོང་ནས་རྣམ་གླིང་དང་གཞིས་རྩེའི་ས་ཁོངས་ཁག་གཅིག་ཏུ་འཁྲབ་སྟོན་བྱས་པ་མ་ཟད། ཐེངས་འདིར་ལྷ་སའི་ཞོ་སྟོན་ལ་འཁྲབ་སྟོན་བྱས་པས། ལོ་ངོ་མང་པོ་སོང་བའི་སྒྱུ་རྩལ་གྱི་སྡོང་རྒན་ལ་སླར་ཡང་དཔྱིད་དཔལ་བཞད་པའི་རྣམ་པ་མངོན་ཡོད་ཅིང་། སླད་ཕྱིན《བཀའ་གདམས་བུ་ཆོས》ནང་འཁྲབ་གཞུང་དེའི་དུམ་བུ་གསལ་པོར་འཁོད་ཡོད་སྟབས། འབྲེལ་ཡོད་ཕྱོགས་ནས་སྲས་དད་པ་བརྟན་པའི་རྣམ་ཐར་ལོགས་སུ་བཏོན་ནས་འཁྲབ་གཞུང་གི་དཔེ་དེབ་འདོན་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་དང་། དེ་བཞིན་མཁོ་མ་གྲོང་ཚོའི་ལྷ་མོའི་དགེ་རྒན་བགྲེས་སོང་ཆོས་འབྱོར་ལགས་སོགས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་འཇུག་དགོས་པའི་དགོས་གལ་ཆེན་པོ་འདུག