དམངས་ཁྲོད་ལྷ་མོ་ཚོགས་པ་ཁག་གི་ངོ་སྤྲོད་མདོར་བསྡུས། (སྟོད་ཆ)
༡. ཤངས་པ་རྣམ་གླིང་ཞོལ་ལས་ཞོར་ལྷ་མོ་ཚོགས་པ་ནི། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་ཞོལ་གྲོང་ཚོ་ནས་ཡིན་པ་དང་། སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཤངས་ཆུ་སྔོན་མོའི་སྟེང་དུ་ལྕགས་ཟམ་བསྐྲུན་པའི་དགའ་སྟོན་ཐོག་ཤངས་པ་བའི་ལྷ་མོ་འཁྲབ་སྲོལ་བྱུང་བ་ནས་རིམ་བཞིན་དར་བར་གྲགས་ཤིང་། རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་དུས་སུ་ཞོ་སྟོན་ལྷ་མོའི་འཁྲབ་སྟོན་ལ་སྐོང་འགུག་གནང་བར་གསུངས། རྭ་སྒྲེང་ཧུ་ཐོག་ཐུའི་སྐབས་སུ་ཁོང་ཚོར་ཡར་ལུང་བཀྲ་ཤིས་ཞོལ་པའི་ཞལ་འབག་གཅིག་པ་བྱས་པའི་འབག་བྱིན་ཅན་ཞིག་གནང་ཞིང་། བྱིན་རྟེན་འབག་དེའི་དབུ་ཐོད་རྒྱན་སྤྲོས་གསེར་ཟངས་ཉི་ཟླ་དེ་དུས་ད་ལྟའང་མཇལ་རྒྱུ་ཡོད། བར་སྐབས་དུས་ཡུན་རིང་པོའི་ནང་ལྷ་མོ་ཉམས་རྒུད་བྱུང་། ༡༩༩༠ལོར་བསྐྱར་འཛུགས་བྱས། ད་ཆ་ལས་ཞོར་འཁྲབ་སྟོན་པ་མི་གྲངས་༢༨ཡོད་པ་དང་། རྣམ་གླིང་ཁུལ་གྱི་ལོ་གསར་དང་འོང་སྐོར་སྐབས་སུ་འཁྲབ་སྟོན་སྤེལ་བ་དང་། ལོ་རེའི་འཁྲབ་སྟོན་སྤེལ་གྲངས་ཉི་ཤུ་ཙམ་ཟིན། ཤངས་པ་རྣམ་གླིང་ཞོལ་ལས་ཞོར་ལྷ་མོར་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི། ལྷ་མོའི་འགོ་ཚུགས་སུ་རྔོན་པའི་ཁྲུས་གསོལ་འཁྲབ་སྟངས་དེ་ཡིན་པ་དང་། དེ་ནི་རྒྱལ་མཁར་བ་དང་། སྐྱོར་མོ་ལུང་པ། གཅུང་པ་བ། དེ་བཞིན་དེ་དག་གི་ཁོངས་སུ་གཏོགས་པའི་བོད་ཀྱི་ལྷ་མོ་ཚོགས་པ་གཞན་གང་ལའང་མེད་པའི་ཁྱད་ཆོས་ཤིག་ཡིན་པར་རྩིས་བཞིན་འདུག
༢. སྟོད་ལུང་དགའ་གདོང་ལས་ཞོར་ལྷ་མོ་ཚོགས་པ་ནི། ལྷ་ས་ནས་ནུབ་ལ་བསྐྱོད་པའི་ལམ་ཐག་སྤྱི་ལེ་༡༥ཙམ་གྱི་སའི་ཆར་འགྱིང་བའི་ཤེལ་དཀར་རི་བོའི་རྒྱབ་ངོས་སུ་ཡོད། སྤྱི་ལོའི་དུས་རབས་བཅུ་དགུའི་ནང་སྟོད་ལུང་དགའ་གདོང་ཁུལ་དུ་ལྷ་མོ་ཚོགས་པ་ཞིག་བྱུང་བའི་ངག་སྒྲོས་བཞིན། སྤྱི་ལོ་༢༠༠༨ལོར་ལྷ་མོའི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་གྲོང་ཚོ་དེའི་གྲོང་མི་འཕྲིན་ལས་རྡོ་རྗེ་ནས་གཙོས་པའི་གཞོན་སྐྱེས་འགའ་ཞིག་དང་། ལྷ་མོའི་སྒྱུ་རྩལ་ལ་བག་ཆགས་བཟང་བའི་སྐབས་དེའི་གྲོང་ཚོའི་དབུ་ཁྲིད་ཚོའི་ཐུན་མོང་འབད་བརྩོན་འོག་ལས་ཞོར་ལྷ་མོ་ཚོགས་པ་དངོས་སུ་བསྐྱར་འཛུགས་བྱུང་། ད་ཆ་ལས་ཞོར་ལྷ་མོའི་འཁྲབ་མི་༢༥ཡོད་པ་དང་། ཁོང་ཚོས་འཚོ་བའི་ཡོང་འབབ་འཚོལ་བའི་ཞོར་དུ་ལྷ་མོའི་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་དོན་དུ་འཁྱོལ་བ་བྱས་ནས། ལྷ་མོ་སྦྱོང་འཁྲབ་ཧུར་ཐག་བྱས་པས་ད་ཆ་འཁྲབ་གཞུང་བཞི་འཁྲབ་ཐུབ་ཀྱི་ཡོད། དེའི་ནང་ནས་《པད་མ་འོད་འབར》དང་། 《འགྲོ་བ་བཟང་མོ》གཉིས་ཁོང་ཚོའི་བྱང་ཆ་དོད་ཤོས་དང་། དཔེ་མཚོན་འཁྲབ་གཞུང་ལ་བརྩིས་ནས་དམིགས་སུ་རྒྱུན་འཛིན་གནང་བཞིན་ཡོད། ལོ་རེའི་འཁྲབ་སྟོན་སྤེལ་ཚད་ཐེངས་བཅུ་ཙམ་ཟིན།
༣. ལྷོ་ཁ་ལྕེ་བདེ་ཞོལ་ལྷ་མོ་ཚོགས་པ་ནི། སྤྱི་ལོའི་དུས་རབས་བཅུ་དགུ་སྟེ་༡༨༩༠ལོའི་སྐབས་སུ་དར་བ་དང་། བར་སྐབས་ཤིག་རིང་ཉམས་གརྒུད་བྱུང་རྗེས། སྤྱི་ལོ་༡༩༧༨ལོར་བསྐྱར་འཛུགས་བྱས། དེ་སྔའི་མིང་ལ་ལྕེ་བདེ་ཞོལ་གནའ་གྲོང་རྡོབ་རྡོབ་ལྷ་མོ་ཞེས་འབོད་སྲོལ་ཡོད་ཅིང་། སྐྱོར་མོ་ལུང་འཁྲབ་ལུགས་ཡིན། དེའང་སྔ་དུས་སྐྱོར་མོ་ལུང་གི་ལྷ་མོ་བ་གཉིས་ལྕེ་བདེ་ཞོལ་གྲོང་དུ་གཞིས་ཆགས་ཏེ། ཡུལ་དེ་གར་ལྷ་མོ་ཁྱབ་སྤེལ་གནང་། ད་ཆ་ལྷ་མོ་བ་མི་གྲངས་༢༨ཡོད་ཅིང་། ད་ལྟའི་འཆར་ལྕེ་བདེ་ཞོལ་ལྷ་མོ་ཚོགས་པས་《སྣང་ས་འོད་འབུམ》དང་། 《ཆོས་རྒྱལ་ནོར་བཟང》 《དྲི་མེད་ཀུན་ལྡན》 《འགྲོ་བ་བཟང་མོ》 《གཟུགས་ཀྱི་ཉི་མ》 《པད་མ་འོ་འབར་》བཅས་འཁྲབ་གཞུང་ཁག་དྲུག་འཁྲབ་སྟོན་ཐུབ། གཙོ་ཆེར་གོང་དཀར་རྫོང་ཁུལ་དུ་ལྷ་མོའི་འཁྲབ་སྟོན་སྤེལ་བ་དང་ལོ་རེར་འཁྲབ་སྟོན་སྤེལ་ཚད་ཐེངས་བཅོ་བརྒྱད་ཟིན།
༤. སྟོད་ལུང་སྣ་མཁར་ལྷ་མོ་ཚོགས་པ་ནི། དུས་རབས་བཅུ་དྲུག་ནང་བྱུང་བ་དང་། སྤྱི་ལོ་༡༩༧༨ལོར་བསྐྱར་འཛུགས་བྱས། ད་ལྟ་ལྷ་མོ་ཚོགས་པའི་ནང་འཁྲབ་མི་༣༤ཡོད་པ་དང་། ཁོང་ཚོར་ལྷ་མོའི་འཁྲབ་གཞུང་དགུ་ཡོད་པའི་ནང་ནས་འཁྲབ་གཞུང་བརྒྱད་དངོས་སུ་འཁྲབ་སྟོན་ཐུབ་པ་དང་། ལོ་ལྟར་སྟོད་ལུང་བདེ་ཆེན་ཆུས་དང་། མཚུར་ཕུ་དགོན་དུ་འཁྲབ་སྟོན་བྱེད་ཀྱི་ཡོད།ལོ་རེའི་འཁྲབ་སྟོན་བྱེད་ཚད་ཐེངས་སུམ་ཅུ་ཟིན།
༥. མལ་གྲོ་གུང་དཀར་རྫོང་རྫོང་ཞོལ་ལྷ་མོ་ཚོགས་པ་ནི། གྲུབ་ཆེན་ཐང་སྟོང་རྒྱལ་པོས་འབྲི་གུང་འོ་ན་ལྕགས་ཟམ་དང་གཞུ་སྨད་རྫོང་ཞོལ་ལྕགས་ཟམ་བསྐྲུན་པའི་སྐབས་སུ་དེ་གའི་མང་ཚོགས་སྐུལ་སློང་བྱས་ནས་ལྷ་མོའི་འཁྲབ་སྟོན་གྱི་སྲོལ་ཕྱེས་གནང་བ་དང་། ༡༦༠༡ལོ་ནས་བཟུང་། ལྷ་མོའི་འཁྲབ་སྟོན་ལ་སྐད་གྲགས་གང་མཚམས་བྱུང་སྟེ། འབྲི་གུང་བླ་བྲང་གིས་གཟིགས་མཐོང་གནང་སའི་ལྷ་མོ་ཞིག་ཏུ་གྱུར། ༡༩༢༠ལོའི་མཚམས་སུ་སླེབས་སྐབས། ལྷ་མོའི་འཁྲབ་སྟོན་གྱི་ཆུ་ཚད་ཧ་ཅང་མཐོ་པོར་སླེབས་སྟབས་རྒྱལ་ཚབ་རྭ་སྒྲེང་མཆོག་གི་གཟིགས་མཐོང་ཆེན་པོ་ཐོབ་སྟེ་རྭ་སྒྲེང་དགོན་དུ་ལྷ་མོ་འཁྲབ་སྲོལ་བྱུང་། ཕྱིས་རིག་གསར་རྐྱེན་གྱིས་ལྷ་མོ་ཉམས་རྒུད་དུ་སོང་བ་དང་། ༡༩༧༨ལོར། སླར་གསོ་ཐེངས་གཅིག་བྱུང་ནའང་དུས་ཚོད་རིང་པོ་ཁུངས་འཁྱོལ་ཐབས་མ་བྱུང་བར་འཐོར། ༢༠༡༡ལོར། གྲོང་ཚོི་དེའི་མང་ཚོགས་ནོར་བུ་དང་། པདྨ་དོན་གྲུབ། ནོར་བུ་དོན་གྲུབ་བཅས་ཀྱིས་སླར་ཡང་བསྐྱར་འཛུགས་ཞུས། རྫོང་ཞོལ་ལྷ་མོ་ཚོགས་པ་ནས་ཐོན་པའི་ལྷ་མོ་མཁས་ཅན་ཞིག་ནི་ཉེ་རབས་བོད་ཀྱི་ལྷ་མོ་མཁས་ཅན་ཨ་མ་ཚེ་རིང་ཞུ་བ་དེ་ཡིན། ད་ལྟ་རྫོང་ཞོལ་ལྷ་མོ་ཚོགས་པར་འཁྲབ་སྟོན་པ་མི་གྲངས་༣༠ཡོད་པ་དང་། ཁོང་ཚོས་《འགྲོ་བ་བཟང་མོ》དང་། 《གཟུགས་ཀྱི་ཉི་མ》《པད་མ་འོད་འབར》བཅས་འཁྲབ་གཞུང་གསུམ་འཁྲབ་སྟོན་ཐུབ། ལོ་རེར་མལ་གྲོ་ཁུལ་དུ་འཁྲབ་སྟོན་ཐེངས་བཞི་ཙམ་སྤེལ་བ་ཡིན།
༦. ལྷོ་ཁ་གོང་དཀར་གནས་གསར་ལྷ་མོ་ནི། དེ་སྔ་དགོན་སྡེའི་མཛད་སྒོ་ཆེ་གྲས་སྐབས་སུ་ཆོས་འཁོར་རྩེ་དགོན་པའི་དགེ་འདུན་པས་འཁྲབ་སྲོལ་ཡོད་པ་དེ་ཕྱིས་སུ་དགོན་པའི་ནང་ཟན་གྱི་ཁྲོད་དུ་ཁྱབ་པ་ཞིག་ཡིན། ཡུན་རིང་གི་དུས་ཚོད་ནང་ལྷ་མོ་ཉམས་རྒུད་བྱུང་བ་དང་། སྤྱི་ལོ་༡༩༨༢ལོར་གོང་དཀར་གནས་གསར་ཚོ་ཆུང་གཉིས་པས་ལྷ་མོ་དེ་བསྐྱར་འཛུགས་བྱས། ད་ལྟ་གནས་གསར་ལྷ་མོ་ཚོགས་པས་《སྣང་ས་འོད་འབུམ》དང་《པད་མ་འོད་འབར། 》 《འགྲོ་བ་བཟང་མོ》 《ཆོས་རྒྱལ་ནོར་བཟང》བཅས་འཁྲབ་གཞུང་བཞི་འཁྲབ་སྟོན་ཐུབ། ལོ་རེར་འཁྲབ་སྟོན་ཐེངས་ལྔ་ཙམ་སྤེལ་བ་ཡིན།