དབུ་ཤོག>བོད་ཀྱི་རིག་གནས།
  • དམངས་ཁྲོད་ལྷ་མོ་ཚོགས་པ་ཁག་གི་ངོ་སྤྲོད་མདོར་བསྡུས།​ (སྨད་ཆ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྙེ་གཞུང་ནོར་བཟང་།   |     སྤེལ་དུས།  2017-08-28

    ༧. ལྷོ་ཁ་སྣེ་གདོང་རྩེད་ཐང་ལྷ་མོ་ཚོགས་པ་ནི།  སྐྱོར་མོ་ལུང་ལྷ་མོའི་ཁོངས་སུ་གཏོགས་པ་དང་། དེ་སྔ་རྩེད་ཐང་ཐེར་མ་བཟོ་མཁན་ཁྲོད་སྤུན་མདོག་ཡོག་མཁན་དང་། འཐག་མཁན། ཚོས་རྒྱག་མཁན་སོགས་ལས་སྣེ་མི་འདྲ་བ་ཚོགས་པ་དྲུག་ཡོད་ཅིང་།    ཁོང་ཚོའི་ཁྲོད་ཀྱི་གཞོན་ནུ་ཚོས་ལས་ཀའི་ཞོར་དུ་ལྷ་མོ་སྦྱོང་འཁྲབ་བྱེད་ཀྱི་ཡོད་པས་མིང་གཞན་ལ་ཚོགས་དྲུག་ལྷ་མོ་ཡང་ཟེར།     སྤྱི་ལོ་༡༩༥༦ལོར་རྩེད་ཐང་གྲོང་ལྷན་གྱིས་འགོ་སྣེ་འཁྲིད་དེ་ལས་ཞོར་ལྷ་མོ་ཚོགས་པ་བསྐྱར་འཛུགས་བྱས།  ད་ཆ་ལྷ་མོ་བ་མི་གྲངས་༢༣ཡོད་པ་དང་། ལོ་རེར་འཁྲབ་སྟོན་ཐེངས་ལྔ་ཙམ་སྤེལ་བ་ཡིན།

    ༨. གྲ་ནང་རྫོང་རལ་གྲི་སྒང་ལྷ་མོ་ཚོགས་པ་ནི། ད་བར་ལོ་ངོ་༤༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དུས་འགྱུར་གྱི་རྐྱེན་པས་ལྷ་མོ་ཚོགས་པ་དེ་ལོ་ཁ་ཤས་མཚམས་འཇོག་བྱེད་དགོས་བྱུང་། ༡༩༩༦ལོར་སླར་གསོ་བྱུང་སྟེེ་འཁྲབ་སྟོན་པ་༢༦ཡོད། ད་ལྟ་ལྷ་མོ་ཚོགས་པ་དེས《པད་མ་འོད་འབར》དང《འགྲོ་བ་བཟང་མོ》《 དྲི་མེད་ཀུན་ལྡན》བཅས་ལྷ་མོའི་འཁྲབ་གཞུང་ཁག་འཁྲབ་སྟོན་བྱེད་ཐུབ། བོད་ཀྱི་ལོ་གསར་དང་། འོང་བསྐོར་དུས་ཆེན་ལ་ཉེ་བའི་སྐབས་ལྷ་མོའི་དགེ་རྒན་གཉིས་ཀྱིས་སྣེ་འཁྲིད་དེ་འཁྲབ་སྟོན་པ་གཞན་སྒྲིག་འཛུགས་བྱས་ནས་ལྷ་མོའི་འཁྲབ་གཞུང་སྦྱོང་བརྡར་སྤྲད་དེ་འཁྲབ་སྟོན་བྱས་པས་གྲ་ནང་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་ཡོད།  

    ༩. ཁུང་ཨ་ལྷ་མོ་ཚོགས་པ་ནི་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་དུ་གནས་ཡོད་ཅིང་། ད་ལྟ་ལྷ་མོ་བ་༣༢ཙམ་ཡོད་པའི་ནང་བུ་མོ་༦དང་བུ་༢༦ཡོད། ལྷ་མོ་དེ་ད་བར་ལོ་ངོ་༦༠༠ལྷག་ཙམ་གྱི་ལོ་རྒྱུས་ཡོད་ལ། ལྷ་མོ་ཚོགས་པ་དེ་བོད་ལྗོངས་ལྷ་མོའི་འཁྲབ་ལུགས་བཞིའི་ཡ་གྱལ་ཞིག་ཡིན། རྣམ་ཐར་སྐད་གདངས་མཐོ་ལ་ཉམས་འགྱུར་ལྡན་པ་ཞིག་ཡོད།

    ལྷ་མོ་ཚོགས་པ་དེ་རང་ཡུལ་གྱི་འོང་བསྐོར་དང་ལོ་གསར་སོགས་སུ་འཁྲབ་སྟོན་བྱེད་ཀྱི་ཡོད་ལ་འཁྲབ་གཞུང《དད་པ་བསྟན་པ》《 འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ལོ་རྒྱུས》《 དོན་ཡོད་དོན་གྲུབ》《 པད་མ་འོད་འབར》《 འགྲོ་བ་བཟང་མོ》《 དྲི་མེད་ཀུན་ལྡན》སོགས་ཡོད། 《དད་པ་བསྟན་པ》ནི་ཁུང་ཨ་ལྷ་མོ་ཚོགས་པ་རང་ཉིད་ཀྱིས་གསར་གཏོད་བྱས་པའི་དམིགས་གསལ་ལེ་ཚན་ཞིག་རེད།

    ༡༠. ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཤར་སྒོ་ལྷ་མོ་ཚོགས་པ་ནི། ད་བར་ལོ་ངོ་༣༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ད་བར་དུ་ལོ་ངོ་ཁ་ཤས་ཆད་ཀྱང་༡༩༤༩ལོར་ཤར་སྒོ་ལྷ་མོ་དེ་སླར་ཡང་གསར་འཛུགས་བྱས།འོན་ཀྱང་ལོ་རྒྱུས་ཀྱིས་རྐྱེན་པས་ལོ་ཁ་ཤས་མཚམས་འཇོག་བྱེད་དགོས་བྱུང་། ༡༩༧༨ལོར་ཏང་གི་སྐབས་བཅུ་གཅིག་པའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་རྗེས། རྒྱལ་ཁབ་ཀྱི་ཐུགས་ཁུར་དང་མཐོང་ཆེན་འོག་ལྷ་མོ་ཚོགས་པ་འདི་སླར་གསོ་བྱུང་ཞིང་། ད་ལྟ་ལྷ་མོ་ཚོགས་པ་དེར་འཁྲབ་སྟོན་པ་30ཡོད་ཅིང་། རྒྱུན་དུ་འཁྲབ་སྟོན་བྱེད་ཐུབ་པ་ནི་《འགྲོ་བ་བཟང་མོ》དང་《ཆོས་རྒྱལ་ནོར་བཟང》བཅས་ལྷ་མོའི་འཁྲབ་གཞུང་ཁག་གཉིས་ཡིན། འཁྲབ་དུས་གཙོ་བོ་ནི་བོད་ཀྱི་ལོ་གསར་དང་། 3.28ཞིང་བྲན་ཁྲི་ཚོར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉི་མོ། འོང་བསྐོར་དུས་ཆེན། དེ་བཞིན་གལ་ཆེའི་དུས་སྐབས་སུ་སྣེ་གདོང་ཁོངས་གཏོགས་ཁག་ལ་འཁྲབ་སྟོན་བྱེད་ཀྱི་ཡོད། ༢༠༡༧ལོར་སྣེ་གདོང་ཆུས་སྐབས་དང་པོའི་ལྷ་མོ་འགྲན་ཚོགས་ཐོག་བྱ་དགའ་ཨང་དང་པོ་ཐོབ་ཡོད།  

    ༡༡. ཞོལ་པ་ལྷ་མོ་ཚོགས་པ་ནི་བོད་དུ་སྐད་གྲགས་ཆེ་བའི་དམངས་ཁྲོད་ལྷ་མོའི་སྒྱུ་རྩལ་ཚོགས་པ་ཞིག་རེད།  ཚོགས་པ་དེའི་འབྱུང་ཁུངས་ནི་1959ལོར་གྲབས་འཛུགས་བྱས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་ཨུ་ཡོན་ལྷན་ཁང་གི་འབག་སྔོན་པོའི་ལྷ་མོའི་རིགས་ཡིན་པའི་སྐྱོར་མོ་ལུང་དམངས་ཁྲོད་ལྷ་མོ་ཚོགས་པ་ཡིན། ད་ལྟ་ལྷ་མོ་ཚོགས་པ་དེར་འཁྲབ་སྟོན་པ་37ཡོད་ཅིང་། དེ་ནི་ད་ཡོད་དམངས་ཁྲོད་ལྷ་མོ་ཚོགས་པའི་ཁྲོད་ཀྱི་དམངས་ཁྲོད་ལྷ་མོའི་སྒྱུ་རྩལ་ལ་ཉར་ཚགས་བྱེད་པའི་ནང་ཆ་ཚང་ཤོས་དང་། ལོ་རྒྱུས་ཅུང་རིང་བའི་ཚོགས་པ་ཞིག་རེད། དེས་མ་ཟད་བོད་ཀྱི་དམངས་ཁྲོད་ལྷ་མོ་ཚོགས་པའི་ཁྲོད་ཀྱི་མཚོན་བྱེད་ཚོགས་པ་ཞིག་རེད་ཅེས་བརྗོད་ཆོག 1980ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ལས་ཞོར་ལྷ་མོའི་འགྲན་ཚོགས་ཐོག་འཁྲབ་སྟོན་བྱས་པའི་ལྷ་མོ་《འགྲོ་བ་བཟང་མོར》བྱ་དགའ་ཨང་དང་པོ་ཐོབ་ཡོད། 2012ལོར་ལྗོངས་ཡོངས་ཀྱི་སྐབས་དང་པོའི་ལྷ་མོའི་འགྲན་ཚོགས་ཐོག་བྱ་དགའ་ཨང་དང་པོ་ཐོབ་ཡོད།

    ཞོལ་པ་ལྷ་མོ་ཚོགས་པས་གཙོ་བོ་སྐད་གྲགས་ཆེ་བའི་འཁྲབ་གཞུང《འགྲོ་བ་བཟང་མོ》དང《གཟུགས་ཀྱི་ཉི་མ》《 པད་མ་འོད་འབར》《 དོན་ཡོད་དོན་གྲུབ》སོགས་འཁྲབ་གཞུང་དྲུག་ཙམ་འཁྲབ་སྟོན་བྱེད་ཀྱི་ཡོད།

    ༡༢. ངམ་རིང་ཆུ་འོག་ལྷ་མོ་ཚོགས་པ་ནི་ཐང་སྟོང་རྒྱལ་པོས་སྲོལ་གཏོད་གནང་བའི་གཅུང་པ་ལྷ་མོའི་ཡན་ལག་ཅིག་ཡིན་ཏེ་སྤྱི་ལོ་༡༩༨༠ལོར་གཅུང་པ་ལྷ་མོའི་དགེ་རྒན་ཆེ་མོ་བ་དབང་ཕྱུགས་ཀྱིས་བཙུགས། ད་ལྟའི་འགན་འཁུར་བ་ནི་དགེ་རྒན་ཆེ་མོ་བ་ཚེ་དབང་རྡོ་རྗེ་ལགས་ཡིན།

    དུས་ཡུན་རིང་པོར་གཅུང་པ་ལྷ་མོ་ཚོགས་པ་པན་ཆེན་རིན་པོ་ཆེར་ཞལ་གཟིགས་འབུལ་བ་ལས་ལྷ་ས་སོགས་སུ་འགྲོ་གི་མེད་པས་ཏཱ་ལ་སྐུ་ཕྲེང་བཅུ་གསུམ་སྐབས་ལྷ་སའི་ཞོ་སྟོན་ལ་དོན་ཡོད་དོན་འགྲུབ་འཁྲབ་པས་དགའ་བསུ་ཤུགས་ཆེན་ཐོབ་སྟེ་གསེར་གྱི་ཉི་ཟླ་ཡོད་པའི་རྔོན་པའི་འབག་ཞིག་དང་གསེར་གྱི་ཨ་ལོང་སྦྱིན། ད་ལྟ་ཆུ་འོག་ལྷ་མོ་ཚོགས་པས་གཅུང་པའི་ཚབ་བྱས་ནས་ལྷ་སའི་ཞོ་སྟོན་སོགས་བྱེད་སྒོ་ཆེ་གྲས་ལ་བཞུགས་ཤིང་། ཆུ་འོག་ལྷ་མོ་ཚོགས་པས་འཁྲབ་གཞུང་གཞན་《དྲི་མེད་ཀུན་ལྡན》དང་《སྣང་ས་འོད་འབུམ》《འགྲོ་བ་བཟང་མོ》སོགས་འཁྲབ་སྟོན་བྱེད་ཀྱི་ཡོད།

    ༡༣、གནའ་རབས་ལྷ་མོ་ཚོགས་པ་ནི་2014ལོར་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་།  ད་ཆ་འཁྲབ་སྟོན་པ་མི་གྲངས་24ཡོད། དུས་ཐུང་གི་ལོ་བཞིའི་རིང་ལྷ་མོ་ཚོགས་པ་དེས་སྐབས་དང་པོ་དང་། གཉིས་པ། གསུམ་པའི་བོད་ལྗོངས་འགྲེམས་ཚོགས་དང་འོང་བསྐོར་སོགས་ལ་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ཏེ་རིན་མེད་ངང་སྲོལ་རྒྱུན་གྱི་ནང་མ་དང་སྟོད་གཞས། གར་གླུ། དེང་རབས་ཀྱི་འཚོ་བར་མཚོན་པའི་དགོད་སྤྲོའི་གཏམ་གླེང་དང་ཀུན་ལ་སློབ་གསོ་ཐེབས་ཤུགས་ཆེ་བའི་གཏམ་བརྗོད་ཟློས་གར་སོགས་འཁྲབ་སྟོན་ཐེངས་མང་བྱས་པས་མང་ཚོགས་ཀྱིས་དགའ་བསུ་ཡང་ཤུགས་ཆེན་ཐོབ་ཡོད། ཚོགས་མི་ཡོངས་ཀྱི་འབད་བརྩོན་འོག་པེ་ཅིང་དང་ཀྲེ་ཅང་སོགས་ལ་འཁྲབ་སྟོན་བྱེད་པར་བསྐྱོད་མྱོང་ཡོད།  

    ༡༤ ལྷ་ས་མལ་གྲོ་གུང་དཀར་ཕྱི་མ་ཁ་ལྷ་མོ་ཚོགས་པ་ནི་འབྲི་གུང་ཁུལ་གྱི་ཆེས་སྔ་ཤོས་ཀྱི་ལྷ་མོ་ཚོགས་པ་ཞིག་ཡིན་པ་དང་། ཕྱི་མ་ཁ་ལྷ་མོ་ནི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་རྒྱང་དཀར་ལྷ་མོའི་འཁྲབ་ལུགས་ཡིན་ཞིང་། 1988ལོར་ཕྱི་མ་ཁ་ལྷ་མོ་ཚོགས་པས་མལ་གྲོ་གུང་དཀར་རྫོང་གི་ཚབ་བྱས་ནས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་གཉེར་བའི་ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་ཚོགས་ལ་ཞུགས་ནས་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། ཕྱི་མ་ཁ་ལྷ་མོ་ཚོགས་པས་སྔ་རྗེས་སུ་འབྲི་གུང་མཐིལ་དགོན་དང་། གཡང་རི་སྒང་དགོན་རྨན་པ་ཤང་དབྱར་དུས་རྟ་རྒྱུགས་འགྲན་བསྡུར་སོགས་མལ་གྲོ་གུང་དཀར་རྫོང་གི་ཤང་དང་གྲོང་རྡལ་ཁག་ལ་ལོ་ལྟར་འཁྲབ་སྟོན་བྱེད་ཚད་ཐེངས་བརྒྱད་ལྷག་ཟིན་གྱི་ཡོད།  

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།