དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • ལྷ་ས་ནས་སྔ་དུས་ཀྱི་བྲག་བརྐོས་སྐུ་བརྙན་མང་པོ་རྙེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-08

    ད་ལོའི་ལོ་སྟོད་དུ་རིག་གནས་ལ་དགའ་ཞེན་ཆེ་བའི་སྐྱེ་བོ་ཞིག་ཚལ་གུང་ཐང་ཤང་ཞལ་གྲོང་ཚོའི་གླིང་ག་གཏང་ཡུལ་དུ་འགྲོ་སྐབས། རྡོ་བརྐོས་སྐུ་བརྙན་མང་པོ་མཐོང་བས་གནས་ཚུལ་དེ་རང་ཉིད་ཀྱི་སྐད་འཕྲིན་སྤྱི་རྟགས་ནང་དུ་བཏང་རྗེས་བོད་ལྗོངས་རིག་གནས་ལས་རིགས་ཀྱིས་དོ་ཁུར་བྱས། ཉིན་ཤས་གོང་། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་རྡོ་བརྐོས་སྐུ་བརྙན་དང་མཚན་བྱང་ཁག་གཅིག་ལ་ངོ་བཤུས་དང་བཅས་སྲུང་སྐྱོབ་བྱས་པ་མ་ཟད། དེ་དག་ནི་མ་མཐར་ཡང་དུས་རབས་11ནས་13བར་གྱི་བྲག་བརྐོས་སྐུ་བརྙན་ཡིན་པར་རིགས་འདེད་བྱས་པ་རེད།

    408749_yis_1498470414566.jpg

    རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་རྟོག་ཞིབ་བྱས་པ།

    ཉེ་ཆར་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་རྟོག་ཞིབ་རུ་ཁག་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཞལ་གྲོང་ཚོའི་ལྷོ་ནུབ་ཀྱི་སྤྱི་ལེ་གསུམ་ལྷག་ཙམ་གྱི་སར་ཡོད་པའི་གྲོག་རོང་ནས་ལོ་སྟོད་ལ་རྙེད་པའི་བསྟན་པ་སྔ་དར་དུས་ཀྱི་བྲག་བརྐོས་སྐུ་བརྙན་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་རེད། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ཉི་ཤར་གྱིས་རྟོག་ཞིབ་བྱ་ཡུལ་གཙོ་བོ་ནི་ནང་བསྟན་གྱི་བྲག་བརྐོས་སྐུ་བརྙན་དང་མཚན་བྱང་ཁག་10ལྷག་ལ་བརྙན་ཕབ་དང་། ཡུལ་དངོས་ནས་ཚད་ལེན། ངོས་འཛིན་བཅས་བྱས་པ་དང་། གཞན་ཡང་། རྟོག་ཞིབ་ཚོགས་ཆུང་གིས་དེའི་ནང་གི་རྒྱལ་བ་བྱམས་པ་དང་། སྟོན་པ་ཤཱཀྱ་ཐུབ་པ། སངས་རྒྱས་མར་མེ་མཛད་བཅས་ཀྱི་སྐུ་བརྙན་དང་གནའ་བོའི་མཚན་བྱང་ཁག་གསུམ་ངོ་བཤུས་བྱས་པ་དང་སྦྲགས་ཡུལ་དེ་གའི་གནས་ཚུལ་རྟོགས་མཁན་ལ་བཅར་འདྲི་བྱས་ཁར་འབྲེལ་ཡོད་ཀྱི་ངག་བརྗོད་དཔྱད་ཡིག་བསྡུ་རུབ་བྱས་པ་ཡིན་ཞེས་བརྗོད་བྱུང་།

    གྲོང་མི་ཕྱི་རོལ་ཏུ་སྐྱོད་སྐབས་བྲག་བརྐོས་སྐུ་བརྙན་མཐོང་བ།

    ད་ལོའི་ཟླ་2པར་གྲོང་མི་གཡུང་དྲུང་འགྱུར་མེད་རླངས་འཁོར་བཏང་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཞལ་གྲོང་ཚོའི་གླིང་ག་གཏོང་ཡུལ་དུ་འཆམ་འཆམ་དུ་ཕྱིན། རི་ལམ་ཀྱག་ཀྱོག་ཆེ་བས། འཁོར་རིགས་གྲོང་ཚོའི་སྟོད་ཀྱི་ལྕང་གསེབ་བར་བསྐྱོད་རྗེས་མུ་མཐུད་འགྲོ་མ་ཐུབ་པས་རྐང་ཐང་དུ་སོང་།

    ལམ་བར་དུ་ཁ་པར་ལ་གློག་གསོག་ཆེད་གཡུང་དྲུང་འགྱུར་མེད་གྲོང་མིའི་ཁྱིམ་དུ་ཕྱིན། གློག་གསོག་རིང་ཁོང་གིས་གྲོང་མིར་གནའ་རྫས་སྐོར་གྱི་ཁ་བརྡ་མང་པོ་བྱས་པ་རེད། གྲོང་མིས་ཁོང་ལ་ཞལ་གྲོང་ཚོའི་གྲོག་རོང་དུ་རྡོ་བརྐོས་ལྷ་སྐུ་ཁག་གཅིག་ཡོད་པ་དང་ལོ་མང་པོ་ཕྱིན་པའི་སྐོར་བཤད། དེར་བརྟེན་གཡུང་དྲུང་འགྱུར་མེད་ལ་ལྟ་འདོད་བྱུང་། གྲོང་མིའི་ལམ་སྟོན་འོག་སངས་རྒྱས་མར་མེ་མཛད་དང་། སྟོན་པ་ཤཱཀྱ་ཐུབ་པ། བྱམས་པ་དགོན་པོ་བཅས་ཀྱི་རྡོ་བརྐོས་སྐུ་བརྙན་མཐོང་བ་དང་། ད་དུང་ཉེ་སར་བརྐོས་མ་གཞན་དག་ཡོད་པ་ཡང་མཐོང་།

    ཁྱིམ་དུ་ལོག་རྗེས་གཡུང་དྲུང་འགྱུར་མེད་ཀྱིས་སོ་སོས་མཐོང་བའི་བརྐོས་མ་དག་སྒེར་གྱི་སྐད་འཕྲིན་དུ་སྤེལ་ནས་ངོ་སྤྲོད་བྱས་པར་སྐད་ཅིག་རིང་ལྟ་མཁན་ཁྲི་ལྷག་བྱུང་། ཕྱི་ཉིན་གཡུང་དྲུང་འགྱུར་མེད་ཀྱིས་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ས་གནས་ས་ཐོག་ཏུ་གདན་དྲངས་ནས་ལྟ་ཞིབ་བྱས་པ་རེད།

    རྩད་ཞིབ་བྱེད་རིང་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཤར་རྒན་དབང་འདུས་ཀྱིས“རྡོ་བརྐོས་ལ་བོད་བཙན་པོའི་རྒྱལ་རབས་ཀྱི་རྡོ་བརྐོས་ཀྱི་ཁྱད་ཆོས་ལྡན་པ་དང་། རྡོ་བརྐོས་སྐུ་བརྙན་ཆེ་ཤོས་ལ་མཐོ་ཚད་སྨི་4ལྷག་ཟིན་པ་དང་རྡོ་བརྐོས་ཀྱི་ཆུ་ཚད་སྤྱིར་ན་མཐོ་ལ། མཚན་བྱང་ལ་བོད་བཙན་པོའི་དུས་ཀྱི་ཡི་གེའི་ཁྱད་ཆོས་མངོན་གསལ་དོད་པོ་འདུག”ཅེས་བཤད།

    སྤྱིར་ན་ཉར་ཚགས་ལེགས་ལ་ནང་དོན་ཕུན་སུམ་ཚོགས་ཁར་ལོ་རྒྱུས་རིང་བ།

    ཉི་ཤར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རྟོག་ཞིབ་ལས་བྲག་བརྐོས་དག་སྤྱིར་ན་ཉར་ཚགས་ལེགས་ལ་ནང་དོན་ཕུན་སུམ་ཚོགས་པོ་འདུག དུས་གསུམ་སངས་རྒྱས་དང་། རྗེ་བཙུན་འཇམ་པའི་དབྱངས། ཕྱག་ན་རྡོ་རྗེ། དཔལ་རྣམ་པར་སྣང་མཛད། རྣམ་སྲས། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། འདོད་ཡོན་ལྔ། བྲག་སྲིན་མོས་ཁམ་བུ་འབུལ་བ་སོགས་ཀྱི་ནང་དོན་ཡོད་ཁར་མཚན་བྱང་བཀོད་ལ་གཟུངས་སྔགས་བྲིས་པ་བཅས་ནང་བསྟན་དང་འབྲེལ་བར་བརྟེན། བྲག་བརྐོས་དག་ནི་ནང་པ་སངས་རྒྱས་པའི་རྡོ་བརྐོས་ཀྱི་རིགས་སུ་གཏོགས་པ་རེད།

    “དུས་གསུམ་སངས་རྒྱས”ཀྱི་འཁྲིས་སུ་བྲིས་པའི་མཚན་བྱང་གི་ཡིག་གཟུགས་དང་བརྡ་ཆད་ལ་བརྟགས་ན། བོད་ཀྱི་ཆབ་མདོའི་སྨར་ཁམས་རྫོང་ལ་མགོ་སྟེང་ནས་རྙེད་པའི་བོད་བཙན་པོའི་སྐབས་བཞེངས་པའི་རྒྱལ་བ་བྱམས་པའི་མཚན་བྱང་གི་ཡིག་གཟུགས་དང་འདྲ། ཡི་གེ་ཁག་གཅིག་ལ་སྤྱི་ལོའི་དུས་རབས་9པ་དང་10པའི་ཏུན་ཧོང་གཏེར་ཡིག་གི་འབྲི་སྟངས་དང་འདྲ་ནའང་། སྤྱིའི་ཆ་ནས་བལྟས་ན། གནའ་བོའི་བོད་ཡིག་གི་འབྲི་སྟངས་དེ་སྔ་དུས་དང་བར་དུས་གཉིས་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་འདུག

    རྡོ་བརྐོས་མང་པོའི་ནང་དོན་སོགས་སྤྱིའི་ཆ་ནས་བོད་བཙན་པོའི་དུས་ཀྱི་ཅུང་དར་ཁྱབ་ཆེ་བའི་རིགས་ཡིན་པ་མ་ཟད་སྐབས་དེའི་སྐུ་བརྙན་གྱི་ཉམས་ཆེན་པོ་ལྡན་ནའང་། ལོ་ཚིགས་གསལ་བའི་བཙན་པོའི་དུས་ཀྱི་སྐུའི་རྒྱན་ཆ་མང་བ་དང་། ཐོར་ཅོག་མཐོ་བ། དབུ་ཞྭ་གསོལ་བ། ཕྱུ་བ་རིང་པོ་གྱོན་པ་སོགས་ཀྱི་ཁྱད་ཆོས་དང་བསྡུར་སྐབས། འགྱུར་ལྡོག་ཆེན་པོ་བྱུང་བ་མཐོང་ཐུབ། དེ་ཡང་སྐུ་བརྙན་གྱི་རྒྱན་ཆ་ཉུང་བ་དང་། སྐྲའི་ཐོར་ཅོག་ཆུང་བ། སྐུ་བརྙན་གྱི་ཆ་ཚད་རན་པ་བཅས་རེད།

    408748_yis_1498470413739.jpg

    མིག་སྔར་ད་དུང་སྐུ་བརྙན་དེ་རིགས་ཀྱི་ལོ་རྒྱུས་སྐོར་དཔྱད་ཡིག་ཏུ་འཁོད་པ་མ་མཐོང་བས་རྟོག་ཞིབ་ཚོགས་ཆུང་གིས་སྐུ་བརྙན་གྱི་གནས་ཡུལ་དུ་ཡུལ་མིས“རྒྱ་སྟེང་ཁ”ཞེས་བརྗོད་པ་ལྟར་དཔྱད་ཡིག་གིས་ར་མ་འཕྲོད་གོང་གནས་སྐབས་སུ་ཞལ་རྒྱ་སྟེང་ཁའི་ནང་བསྟན་རྡོ་བརྐོས་ཞེས་བཏགས་པ་རེད།

    རྟོག་ཞིབ་ཀྱི་འབྲས་བུ་གཞིར་བཟུང་། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ནང་བསྟན་བྲག་བརྐོས་དེ་དག་ནི་སྤྱི་ལོའི་དུས་རབས་11ནས་13བར་གྱི་ཡིན་པའི་རིགས་འདེད་བྱས་ཡོད་པ་རེད།

    ཉི་ཤར་གྱིས་ད་རེས་གསར་དུ་རྙེད་པའི་ནང་བསྟན་གྱི་བྲག་བརྐོས་དུ་མར་སྒྱུ་རྩལ་གྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་ལྡན་པ་དང་། སྐྱིད་ཆུ་རྒྱུག་ཡུལ་གྱི་ལྟེ་གནས་ཀྱི་ནང་བསྟན་བྱུང་འཕེལ་དང་། ནང་བསྟན་གྱི་རི་མོའི་ལོ་རྒྱུས། མི་རིགས་ཁག་གི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་བཅས་ཀྱི་ཞིབ་འཇུག་ལ་དཔྱད་ཡིག་དང་པོ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ངོ་བཤུས་ལས་དོན་ལས་བོད་ལྗོངས་དཔེ་མཛོད་ཁང་དུ་ཉར་བའི་རྡོ་རིང་ཡི་གེ་ངོ་བཤུས་ཀྱི་དཔྱད་ཡིག་ཕུན་སུམ་ཚོགས་སུ་བཏང་བ་དང་། དེའི་ཞིབ་འཇུག་ལའང་སྟབས་བདེ་བྱུང་ཡོད། གོམ་སྟབས་རྗེས་མར་མི་སྔར་བས་མང་བས་སློབ་སྦྱོང་དང་ཞིབ་འཇུག་བྱ་ཆེད། རྟོག་ཞིབ་ཀྱི་གྲུབ་འབྲས་དང་དཔྱད་ཡིག་དག་བོད་ལྗོངས་གྲངས་གཞི་རིག་གནས་དྲ་ཚིཌ་སུ་འགོད་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།