དབུ་ཤོག>བོད་ཀྱི་རིག་གནས།
  • འབའ་ཐང་ནས་འཕུར་འོངས་བའི་བྱིའུ་ཆུང་འཇོལ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-13

    སྙན་འཇེབས་ལྡན་པའི་གླུ་སྒྲའི་ཕྱོགས་སུ་སྐྱོད་སྐབས། བདེ་སྐྱིད་མེ་ཏོག་སྐད་སྦྱོང་ཁང་དུ་སློབ་ཕྲུག་ཚོར་གླུ་གཞས་སློབ་བཞིན་འདུག ཁོང་གིས“ཧན་ཧུང་གིས་བཏང་བའི《སེ་རུམ་མེ་ཏོག》ཅེས་པའི་གཞས་དེར་དགའ་པོ་ཡོད། གང་ལགས་ཤེ་ན། གཞས་དེའི་གཞས་གདངས་སྙན་ལ། ཁོང་རང་ཉིད་ཀྱི་ནང་སེམས་ཀྱི་འགྱུར་བ་ཡང་མཚོན་པར་བྱས་ཡོད། འདི་ནི་གཞས་དེའི་མི་སེམས་འགུལ་བའི་ཆ་དེ་རེད”ཅེས་བཤད།

    བདེ་སྐྱིད་མེ་ཏོག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་དམངས་གཞས་གཏོང་མཁན་ཞིག་རེད། དེ་སྔ“ཀྲུང་གོའི་མི་རིགས་གླུ་གཞས་ཀྱི་བུད་མེད་ཀྱི་སྒྲ་གདངས་མཐོ་བའི་གཞས་གཏོང་མཁན་ཆེ་གྲས་བཅུ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ལ། ལྷ་ས་དང་ཁྲེང་ཏུའུ་རུ་མི་སྒེར་གྱི་རོལ་དབྱངས་འཁྲབ་སྟོན་ཐེངས་མང་གཉེར་བའི་ནང《མཁའ་དབྱིངས་ཀྱི་བོད་ལྗོངས》དང《འདི་ནི་མེས་རྒྱལ་གྱི་ས་མཐོ་རེད》ཅེས་པའི་གླུ་གཞས་གཉིས་ལ་རྒྱལ་ཁབ་རིག་གནས་པུའུ་ཡི“གཅིག་རེ་ལྔའི”འདུ་འགོད་བྱ་དགའ་ཆེན་པོ་ཐོབ་པ་དང་འབྲེལ《རྒྱལ་ཡོངས་ཀྱི་ཕུལ་བྱུང་རོལ་དབྱངས་ཆེ་གྲས་བཅུར》བདམས།

    ཁོང་སི་ཁྲོན་འབའ་ཐང་དུ་སྐྱེས་ཀྱང་། བོད་ལ་དགའ་ཞེན་ཆེ་བས། 1989ལོར་ཁོང་གིས་སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་ཚན་པས་གདན་དྲངས་ཀྱང་། ཐེ་ཚོམ་མེད་པར་བོད་དུ་ལོག་ནས་བོད་རིགས་མི་དམངས་ཚོར་གླུ་གཞས་འབུལ་རྒྱུའི་ཆོད་སེམས་བཞག

    ཁོང་གིས་ལོ་མང་རིང་རང་ཉིད་ཀྱི་སྦྱངས་པའི་ཤེས་བྱ་རྣམས་ལ་བརྟེན་པས་གཞས་གཏོང་སྟངས་ཐད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རིམ་བཞིན་ཆགས་ཡོད། དེ་ཡང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞས་གཏོང་སྟངས་དང་ནུབ་ཕྱོགས་ཀྱི་སྐད་གདངས་མཐོ་བའི་གཞས་གཏོང་སྟངས་ཟུང་འབྲེལ་བྱས་ཏེ་རང་ཉིད་ཀྱི་ལེགས་ཆ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་གི་ཡོད།

    བདེ་སྐྱིད་མེ་ཏོག་གིས་བོད་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན་ལ་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་ཟབ་མོ་ཡོད་ལ། དམངས་གཞས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། ང་རང་བོད་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གླུ་གཞས་གཏོང་རྒྱུར་ཧ་ཅང་དགའ་པོ་ཡོད། “བོད་མི་རིགས་ཀྱི་གཞས་མ་རྣལ་མ་ཞིག་བྱེད་བསམས་ན། བོད་ཀྱི་རིག་གནས་ཀྱི་རྩ་བ་དང་ཉིང་བཅུད་ལ་སློབ་སྦྱོང་དང་ཤེས་རྟོགས་བྱེད་དགོས། ད་དུང་ས་མཐོའི་ཁོར་ཡུག་དང་། ཡུལ་སྲོལ་གོམས་གཤིས། ས་ཁོངས་ཀྱི་རིག་གནས་བཅས་ལ་རྒྱུས་ལོན་པ་བྱས་ཏེ། རང་ཉིད་ཀྱི་གླུ་གཞས་ལ་རྩམ་དྲི་དང་མར་དྲི་བྲོ་བ་ཞིག་བྱེད་དགོས་ཞེས་ཤོད་ཀྱི་འདུག དོན་དུ་ཡང་གྲོང་ཁྱེར་རམ་ཡང་ན་གྲོང་གསེབ་ཏུ་འཁྲབ་སྟོན་བྱེད་སྐབས་བདེ་སྐྱིད་མེ་ཏོག་གིས་ས་གནས་དེ་གའི་དམངས་ཁྲོད་སྒྱུ་རྩལ་པར་སློབ་སྦྱོང་དང་བཀའ་འདྲི་ཞུ་གི་ཡོད་པ་མ་ཟད། དམངས་ཁྲོད་ཀྱི་གཞས་པ་དང་གྲོགས་པོ་བསྒྲིགས་ཏེ་སྒྱུ་རྩལ་ཐད་གྲོས་བསྡུར་བྱེད་ཀྱི་ཡོད་ལ། དམངས་ཁྲོད་ཀྱི་འཁྲབ་སྟོན་བྱེད་སྟངས་སྦྱོང་གི་ཡོད། དེར་བརྟེན། མི་རིགས་ཀྱི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་བདེ་སྐྱིད་མེ་ཏོག་ལ་རང་ཉིད་ཀྱི་གླུ་གཞས་གཏོང་སྟངས་ཤིག་ཆགས་ཡོད་ལ། གཞས་གང་ཞིག་བཏང་རུང་། ཁོང་གིས་རང་ཉིད་ཀྱི་ཁྱད་ཆོས་གང་ཡོད་མངོན་ཐུབ་པ་བྱེད་ཀྱི་ཡོད་པ་མ་ཟད། གླུ་དབྱངས་ཀྱི་ལམ་ནས་རང་ཉིད་ཀྱི་བསམ་འདུན་མཚོན་པར་བྱེད་ཀྱི་ཡོད།

    བདེ་སྐྱིད་མེ་ཏོག་གིས་བོད་རིགས་ཀྱི་དམངས་ཁྲོད་གླུ་གཞས་གཏོང་སྐབས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ལས་སྣོན་བྱེད་དགོས་ཏེ། དཔེར་ན《མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག》ཅེས་པའི་དམངས་ཁྲོད་གླུ་གཞས་དེ་སྒྲ་གདངས་མཐོ་བའི་ལམ་ནས་གཏོང་གི་ཡོད། དེ་ལྟར་བཏང་ཚེ། གཞས་དེའི་སྒྱུ་རྩལ་གྱི་རང་བཞིན་དེ་བས་མངོན་ཐུབ་ལ་གླུ་གཞས་ཀྱི་ཉམས་འགྱུར་དེ་བས་མངོན་ཐུབ་ཀྱི་འདུག ད་དུང“གཞས་གང་ཞིག་བཏང་རུང་། སེམས་ནུས་ཡོད་རྒུ་བཏོན་ནས་གཏོང་དགོས། དེ་ལྟར་བྱས་ན་གཞི་ནས་གསན་པ་པོའི་བློ་ལ་བབ་ཐུབ”ཅེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།