དབུ་ཤོག>བོད་ཀྱི་རིག་གནས།
  • སྐར་རྩིས་འཕྲུལ་གྱི་མེ་ལོང་ལས། བགྲང་བྱ་སྟོང་གི་གནམ་དཔྱད་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-31

    353140_yis_1482899971730_s.jpg

    འདི་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་ལས་དོན་མི་སྣ་དང་འབྲེལ་ཡོད་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་མཉམ་དུ《བོད་ཀྱི་བསྐལ་འཁོར་ལོ་ཐོའི》ཞུ་དག་གཏན་འཁེལ་ཚོགས་འདུ་འཚོགས་པའི་གནས་ཚུལ་ཡིན་པ།

    འདི་ལོ་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བའི་སྐབས་དང་ཏག་ཏག་འཁེལ་བ་དང་། རྟེན་འབྲེལ་མཚོན་བྱེད་ཅིག་ཡིན་པའི《བསྐལ་འཁོར་ལོ་ཐོ》ཆ་ཚང་དེ་པར་འགྲེམས་བྱེད་འགོ་ཚུགས་པ་དང་། དེབ་འདིའི་ནང་ལོ་ངོ་2100ལྷག་ཙམ་གྱི་ནང་དོན་བཀོད་ཡོད་པ་དང་། ཁྱོན་དེབ་4དང། ཤོག་གྲངས་4200ཡིག་འབྲུ་ཁྲི་424ལྷག་ཙམ་བཅས་ཡོད་པའི་དེབ་དེ་པར་འདེབས་སྤུས་ཀ་ལེགས་ལ་བཟོ་ལྟ་ཧ་ཅང་མཛེས་པོ་ཡོད།

    དེབ་དེའི་རྩོམ་སྒྲིག་གཙོ་འགན་བཞེས་མཁན་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་ཡུམ་པས་རང་རྒྱལ་གྱི་ལོ་རྒྱུས་ཐོག《བསྐལ་འཁོར་ལོ་ཐོའི》འདེད་རྩིས་རྩོམ་སྒྲིག་ནི་ཐོག་མ་ཡིན། ལོ་ངོ་ཉིས་སྟོང་ལྷག་ཙམ་བརྒལ་རྐྱེན་གལ་ཏེ་སྲོལ་རྒྱུན་རྩིས་རྒྱག་ཡོ་བྱད་བྱེ་གཞོང་མགྱོགས་རྩིས་སྤྱད་དེ་རྩིས་བརྒྱབ་ན་མི་ཁ་ཤས་ཀྱིས་ལོ་གཅིག་ནང་ལོ་226གི་གཞི་རྩའི་གྲངས་གཞི་ལས་བརྩི་ཐུབ་ཀྱི་མེད། དེ་ལྟར་རིགས་འགྲེ་བཏང་སྟེ་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གྲུབ་རྩིས་ཕུར་ལུགས་དང་། བྱེད་རྩིས(བྱེད་ནུས་ལུགས)ལུགས། མཚུར་ལུགས། དགའ་ལྡན་རྩིས་གསར་ལུགས་བཅས་ལོ་ཐོ་བརྩི་སྟངས་བཞིའི་གཞི་རྩའི་གྲངས་གཞི་ལག་རྩིས་བརྒྱབ་ན་ལོ་སུམ་ཅུ་ལྷག་ཙམ་འགོར་གྱི་ཡོད་པ་དང་། དེར་མཁོ་བའི་འགྲོ་གྲོན་དང་། དུས་ཚོད། མི་ཤུགས་བཅས་ཤུགས་ཆེ་བ་མ་ཟད། ཡང་དག་རང་བཞིན་ཡང་འགན་ལེན་བྱེད་ཁག་པོ་རེད་ཅེས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2001ལོར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་བླང་བྱ་གཞིར་བཟུང་སྐབས་དེར་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གི་འགན་འཁུར་མཁན་ཡུམ་པ་དང་སུའོ་དེ་གའི་དེ་སྔའི་སུའོ་ཀྲང་གཞོན་པ་ངག་དབང་བཟང་པོས་མཉམ་ལས་བྱས་ཏེ《བསྐལ་འཁོར་ལོ་ཐོའི》རྩོམ་འབྲིའི་ལས་དོན་སྒྲུབ་འགོ་ཚུགས་ཤིང་། དུས་ཡུན་ལོ་གཉིས་ཏེ་2002ལོར་དེབ་དེའི་མ་ཟིན་ལེགས་གྲུབ་ཟིན་པར་ཁྱོན་ཤོག་ལྷེ་2050ཡོད་པ་དང་། ནང་དོན་ཐད་སྤྱི་ལོའི་ལོ་1ནས་2050ལོ་བར་ཁྱོན་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་བོད་ཀྱི་ལོ་ཐོའི་གྲུབ་རྩིས་ཕུར་ལུགས་དང་བྱེད་རྩིས(བྱེད་ནུས་ལུགས)ལུགས་ཀྱི་བཤོལ་ཟླ་དང་། ཚེས་གྲངས་ཆད་ལྷག ཉིན་རེའི་གཟའ་འཁོར་གྱི་རིམ་གྲངས། འཛམ་གླིང་ཀུན་སྤྱོད་ཀྱི་སྤྱི་ལོའི་ལོ་ཐོ། ཀྲུང་གོའི་ལོ་རྒྱུས་ཐོག་གི་རྒྱལ་རབས་ཁག་གིས་སྤྱད་པའི་ལུགས་གསར་རྙིང་གི་ལོ་ཐོ་བཅས་ཚུད་ཡོད་པ་དང་། བོད་ཀྱི་ལོ་ཐོ་གཙོ་བོར་བྱས་པ་དང་སྤྱི་ལོའི་ལོ་ཐོ་དང་ལུགས་རྙིང་ལོ་ཐོ་ཟུང་དུ་སྦྲེལ་བའི《བསྐལ་འཁོར་ལོ་ཐོ》དེ་མཐར་རྩོམ་སྒྲིག་ལེགས་གྲུབ་བྱུང་ཡོད། འོན་ཀྱང་མ་དངུལ་ཁ་ཐང་རྐྱེན་ད་བར་ཡོངས་བསྒྲགས་ངང་པར་སྐྲུན་འགྲེམས་སྤེལ་བྱེད་ཐུབ་མེད་པ་རེད།

    353141_yis_1482899972479_s.jpg

    འདི་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡུམ་པ(གཡས་ཀྱི་དང་པོ)དང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀུན་དགའ་རིག་འཛིན(གཡོན་གྱི་དང་པོ)གྱིས《བོད་ཀྱི་བསྐལ་འཁོར་ལོ་ཐོའི》ཟིན་བྲིས་ལ་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།

    2014ལོར་དེབ་དེའི་པར་སྐྲུན་ལས་དོན་གྱི་ཉིན་རེའི་ལས་རིམ་སླར་ཡང་མགྱོགས་སུ་བཏང་བ་མ་ཟད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་། པར་སྐྲུན་འགྲོ་གྲོན་ཡང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་དོན་འཁྱོལ་དང་བཀོད་སྒྲིག་བྱས་པ་རེད། 《བསྐལ་འཁོར་ལོ་ཐོའི》དབང་གྲགས་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་འགན་ལེན་བྱ་ཆེད། སྔར་ཡོད་ནང་དོན་གྱི་རྨང་གཞིའི་ཐོག་འདེད་རྩིས་ཕྱི་ཤོས་ཀྱི་ཚད་གཞི་དེ་ལོ་2100རིང་དུ་བཏང་བ་དང་ཆབས་ཅིག་སྔར་ཡོད་ཀྱི་ཕུར་ལུགས་དང་བྱེད་རྩིས(བྱེད་ནུས་ལུགས)ལུགས་ཀྱི་རྨང་གཞིའི་ཐོག་མཚུར་ལུགས་དང་དགའ་ལྡན་རྩིས་གསར་ལུགས་ཀྱི་གྲངས་གཞི་གསར་དུ་སྣོན་རྒྱུའི་གཏན་འབེབས་བྱས་པ་རེད།

    《བསྐལ་འཁོར་ལོ་ཐོའི》རྩོམ་སྒྲིག་གཙོ་འགན་བཞེས་མཁན་གྱི་གྲས་ཤིག་ཡིན་པའི་ཡུམ་པས་དེང་རབས་ཀྱི་གློག་ཀླད་རྩོམ་སྒྲིག་གོ་རིམ་གྱི་ལག་རྩལ་སྤྱད་དེ་བཟོ་བཀོད་བྱས་པའི་རྩིས་འཁོར་སྒྲིག་ཆས་མཉེན་རིགས་ནི་སྟབས་བདེ་ལ་མགྱོགས་པའི་བྱེད་ཐབས་ཤིག་རེད། དེའི་གནས་ལུགས་ནི་བོད་ཀྱི་ལོ་ཐོའི་ལུགས་ཁག་གི་རྩིས་ལྷག་གྲངས་འབོར་དེ་སྤྱི་ལོའི་ལོ་1བར་ཕུགས་འདེད་ནས་དེ་རྗེས་སྤྱི་ལོའི་ལོ་1ནས་བྱ་རིམ་སྒྲིག་ཏེ་རྩིས་ཡོད་པ་དང་། སོ་སོར་མཁོ་བའི་གྲངས་གཞི་བླུགས་ན་མགྱོགས་ལ་གནད་ལ་འཁེལ་པོ་ཡོད། འོན་ཀྱང་དེའི་དཀའ་གནད་ནི་ཇུས་འགོད་དང་བཟོ་བཀོད་བྱེད་སྐབས་གནད་ལ་འཁེལ་ལ་ནོར་འཁྲུལ་མེད་པའི་སྒྲིག་ཆས་མཉེན་རིགས་ཀྱི་མ་ལག་དེ་རེད། དེར་བརྟེན་ངེས་པར་དུ་ལོ་རྒྱུས་ཐོག་གཏན་འཁེལ་བྱུང་བའི་ལོ་ཐོ་བཟོ་སྟངས་དང་མཐུན་པ་དང་། རྩེར་སོན་གྱི་བརྩི་སྟངས་གཞིར་འཛིན་པ། གོ་རིམ་བཟོ་བཀོད་ནན་པ། མཇུག་འབྲས་ལ་ནོར་འཁྲུལ་མི་ཡོང་བ་བཅས་བྱེད་དགོས་ཞེས་བཤད།

    ཤོག་ལྷེ་ཁྲི་ཁ་ཤས་ཟིན་པའི་སྔར་ཡོད་ཀྱི་གདོད་མའི་གྲངས་གཞི་གྲ་སྒྲིག་ཨར་གསར་བྱས་རྗེས་རྙོག་དྲ་ཆེ་ཤོས་དང་དཀའ་ལས་ཆེ་ཤོས་ཀྱི་ལས་འགན་ནི་གྲངས་གཞི་ཕབ་འཇུག་དང་རྩོམ་སྒྲིག་ཞུ་དག་གི་ལས་དོན་དེ་རེད། རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རིམ་ཁག་འགོ་ཁྲིད་ཀྱིས་རྣམ་གྲངས་སྤེལ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་སྟེ་རྩོམ་འབྲིའི་ལས་དོན་ལ་ཆ་རྐྱེན་ཡག་པོ་ཞིག་བཏོད་པ་དང་། སྨན་ཁང་དེའི་མི་གྲངས་40ལྷག་ཙམ་གྲངས་གཞི་ཕབ་འཇུག་དང་། རྩོམ་སྒྲིག པར་སྒྲིག ཞུ་དག་སོགས་ཀྱི་ལས་དོན་ནང་སྔ་རྗེས་སུ་ཞུགས་པ་མ་ཟད། ཞུ་དག་ཐེངས་བཅུ་གྲངས་ཁ་ཤས་བཏང་ནས་2016ལོའི་ཟླ་5པར་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    353139_yis_1482899970966_s.jpg

    འདི་ནི《བསྐལ་འཁོར་ལོ་ཐོ》ཐོག་མའི་འགྲེམས་སྤེལ་མཛད་སྒོ་འཚོགས་པའི་གནས་ཚུལ་ཡིན་པ།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་བོད་ཀྱི་ལོ་ཐོའི་གནམ་དཔྱད་སྐར་རྩིས་སུའོ་ཡི་སུའོ་ཀྲང་གཞོན་པ་ཚེ་རྡོར་གྱིས་དེབ་དེ་པར་སྐྲུན་འགྲེམས་སྤེལ་བྱས་ནས་རྒྱ་ཆེའི་སྐར་རྩིས་ཞིབ་འཇུག་པ་དང་། བོད་རིག་པ་ཞིབ་འཇུག་པ། ལོ་རྒྱུས་རིག་པའི་ལས་དོན་པ་བཅས་ལ་ཐོབ་པར་དཀའ་བའི་བཀོལ་སྤྱོད་ལས་མཁོའི་དཔེ་དེབ་ཅིག་མཁོ་འདོན་བྱས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྟོང་ཆའང་བསྐངས་ཡོད། པར་སྐྲུན་བྱེད་པའི་དུས་ཚོད་དེ་2016ལོའི“སྨན་རྩིས་ཁང”སྟེ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བའི་སྐབས་དང་ཏག་ཏག་འཁེལ་བ་དང་། དེ་ནི་བོད་ཀྱི་གནམ་དཔྱད་སྐར་རྩིས་ལས་དོན་པ་ཚོས“སྨན་རྩིས་ཁང”གི་ལོ་བརྒྱའི་འཁྲུངས་སྐར་ལ་ཕུལ་བའི་ཕྱག་རྟགས་ཡག་ཤོས་ཤིག་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།