མཆོད་ཡོན་གོང་མའི་སྐབས་བཀྲ་ཤིས་ལྷུན་པོར་ཆོས་གཞིས་འབུལ་སྦྱོར་གྱི་བཀའ་ཤོག་རིན་པོ་ཆེའི་ཞལ་བཤུས།
སྤྱི་ཁྱབ་ཨང་༣༥ ༸མཆོད་ཡོན་གོང་མའི་སྐབས་བཀྲ་ཤིས་ལྷུན་པོར་ཆོས་གཞིས་འབུལ་སྦྱོར་གྱི་༸བཀའ་ཤོག་རིན་པོ་ཆེའི་ཞལ་ཤུས་།
༈ སྟོབས་ཀྱི་འཁོར་ལོས་བསྒྱུར་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཡི་གེ་།
འཛམ་གླིང་ཡངས་པའི་རྒྱལ་ཁམས་སྤྱི་དང་ བྲེ་བྲག་ཏུ་དབུས་གཙང་རུ་བཞིའི་སའི་ཆར་འཁོད་པའི་ལྷ་སྡེ་མི་སྡེ་ སྡེ་དཔོན་ཆེ་ཕྲན་རྫོང་སྡོད་གཉེར་ལས་འཛིན་ རྒན་མི་དམངས་ བསྡུས་དང་བསྐུལ་བརྡཱ་བྱེད་མི་ བྱ་བ་ཞི་དྲག་གིས་སྣ་མོར་མངགས་པའི་སྐྱེ་འགྲོ་མཐའ་དག་ལ་སྤྲིངས་པ་ བཀྲིས་ལྷུན་པོ་སྤྱི་སོར་ཁྲི་ཁང་ཁུལ་སྡེ་པ་ཚོང་འདུས་པའི་འཛིན་ཞིང་བདག་པ་ཅི་ཡིན་དང་ བྲག་སྐེ་རགས་གི་གླ་ཚལ་ ཞ་ལུ་ན་གྲོང་སྟོད་པའི་སྐྱེ་དམན་ཟུར་ཆོད་ཚེ་གང་རིང་བདག་པའི་གྲང་ཁང་དང་ ལྟོ་སྐལ་འཕྲན་བུ་ཡོད་འདུག་པ་ ད་སྒོས་སྐྱེ་དམན་འདས་ཤུལ་གྱི་འཛིན་བདག་ཅི་ཡིན་དང་ སྡེ་པ་གན་པ་བའི་དབང་རིགས་བདག་ཐོབ་ཅི་ཡིན་དང་ གཅེན་ལུང་ཁུལ་གྱི་གཞུང་སྐྱོང་གང་ཡོད་ རྟ་ནག་རི་ཁུད་ལ་གཏོགས་པའི་ཐུབ་བསྟན་པའི་འཛིན་བདག་གང་ཡིན་རྣམས་དང་ ༸བླ་བྲང་གཞུང་དུ་ གཡང་ལ་གཏོགས་པའི་གཞུང་འཛིན་གང་ཡོད་ རྒྱལ་ཆེན་རྩེ་ འབྱོར་རྒྱས་ རོང་ཚོ་ བཞད་ཕུ་མདའ་རུས་སྡེ་གསུམ་དང་བཅས་པ་ འབྲོག་ར་ བ་རློན་ རྐང་བཞི་ རྡོ་རིང་ མཁར་དར་རྒྱས་ གོང་གསལ་གྱི་མི་གྲ་ཡོངས་འབབས་དང་བཅས་པའི་དབང་རིགས་བདག་ཐོབ་དང་བཅས་པ་རྣམས་ བཀྲིས་ལྷུན་པོ་སྤྱི་ བླ་བྲང་གི་ཆོས་གཞིས་སུ་ཇི་སྲིད་༸བསྟན་པ་རིན་པོ་ཆེ་གནས་ཀྱི་བར་རྐང་འགྲོ་ལག་འདོན་སོགས་གང་ཡང་འཁྲི་མེད་གཙང་སྤྲས་སུ་འབུལ་སྦྱོར་ཞུས་པ་ འདི་ཐད་གཡོ་ཞུས་ཐེལ་འབེབས་སོགས་གནོད་འགལ་ལོག་པར་འགྲོ་བ་གཏན་ནས་མ་བྱེད་པར་བདེ་བར་གནས་ཆུག་ ཅེས་ཆུ་ཕོ་རྟ་ལོ་ཟླ་༤་ཚེས་༡༥ལ་ཕོ་བྲང་ཆེན་པོ་བསམ་དོན་ལྷུན་གྱིས་གྲུབ་པའི་རྩེ་མོ་ནས་བྲིས། ༸གོང་གསལ་མཆོད་ཡོན་གོང་མ་ནས་རྩལ་བའི་བཀའ་ཤོག་རིན་པོ་ཆེའི་ཞལ་ཤུས་ཞུས་སོང་འཁྲུལ་མེད།
༸ གོང་དུ་ཆོས་ཡོན་གོང་མའི་བཀའ་ཤོག་ཕེབས་འདུག་པར་བར་སྐབས་སུ་མ་གནས་པའི་སྐུལ་འཚེར་སྣ་ཚོགས་ཤིག་བྱུང་ཡོད་འདུག་ཀྱང་ ད་དགོས་མཆོད་ཡོན་གོང་མའི་བཀའ་ཤོག་དགོང་དོན་བཞིན་སྒྲུབ་ཆག་འཇགས་གསུམ་གང་ཅི་གོང་བཞིན་ཡིང་བ་གྱིས་ མེ་ཕག་ཟླ་༡་ཚེས་༢༠ལ་སྐྱིད་ན་ཁ་ནས་བྲིས། ༸གོང་མ་ལྷ་བསངས་ནས་རྒྱབ་གནོན་གནང་བའི་ཞལ་ཤུས་ཞུས་སོང་འཁྲུལ་མེད་།
(《བོད་ལྗོངས་ཡིག་ཚགས་》འདོན་ཐེངས་ཉེར་གཅིག་ལས་བཏུས།)