སྡུག་བསྔལ་གྱི་མུན་པ་བསལ། བདེ་སྐྱིད་ཀྱི་ཉི་མ་ཤར།
ཡུལ་ལྗོངས་ལྟ་ན་སྡུག་པའི་གནས་ཡུལ་གྱི་ཆུ་འགྲམ་དུ་ཆགས་པའི་སྨན་གླིང་རྫོང་གནས་ཡུལ་ཤང་ཚལ་ཁྲོབ་གྲོང་ཚོའི་ལྷོ་པའི་མང་ཚོགས་ཚོ་ཐོག་རྫ་དམར་གྱི་ཤིང་ཁང་ནང་འཚོ་བར་རོལ་བ་དང་། གུ་ཡངས་པའི་གྲོང་ཚོའི་ཨར་འདམ་ལམ་ལ་འཆམ་འཆམ་དུ་འགྲོ་བ། གྲོང་ཚོ་ཁམས་གཙང་ལ་གྲལ་འགྲིག་པ་བཅས་ལས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་པ་དང་། གྲོང་ཚོའི་རིག་གནས་བྱེད་སྒོའི་ཐང་ཆེན་གྱི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ནས་ལྷག་པར་མངོན་གསལ་དོད།
སྟབས་འཁེལ་བ་ཞིག་ལ་གྲོང་ཚོར་བསྐྱོད་སའི་ལམ་བུར་འཆམ་འཆམ་དུ་འགྲོ་ཞོར་ཁོ་ར་ཁོར་ཡུག་ལ་ལྟ་བཞིན་པའི་ལོ་བརྒྱད་ཅུ་ལྷག་ཙམ་ལ་སླེབས་པའི་རྒད་པོ་ལིང་ཏུང་གསར་འགོད་པར་འཕྲད་བྱུང་། ཁོང་ནི་བོད་གསར་རྙིང་གཉིས་ཀ་བརྒྱུད་མྱོང་ལ། ལྷོ་པའི་འཕོ་འགྱུར་ལ་བདེན་དཔང་བྱེད་ཐུབ་མཁན་ཞིག་ཡིན། ཁོང་གིས་ཐོག་རྫ་དམར་གྱི་ཤིང་ཁང་དེ་དག་ལ་མཛུབ་མོ་འཛུགས་བཞིན “ཏང་དང་སྲིད་གཞུང་གིས་ང་ཚོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་བརྒྱབ་ནས་ཐུགས་ཁུར་གཟབ་བཞེས་གནང་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད། “བོད་རྙིང་པར་ལྷོ་པ་རྣམས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་དང་བཤུ་གཞོག་མྱོངས་དགོས་པ་དང་རྟག་ཏུ་ནགས་གསེབ་ཏུ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པའི་གདོད་མའི་འཚོ་བ་བསྐྱལ་དགོས་སྟབས་མི་ཚོས‘ཀླ་ཀློ’ཞེས་འབོད་ཀྱི་ཡོད། སྐབས་དེ་དུས་འདྲ་མཉམ་ཞེས་པ་ལྟ་ཞོག་ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་བྱུང་ན་བདེ་བ་ཆེ་ཤོས་ཡིན”ཞེས་རྒད་པོ་ལིང་ཏུང་གིས་སྔར་སོང་འདས་དོན་རྣམས་ཡིད་ལ་ལྷང་ངེར་དྲན་བཞིན་དུ་བཤད། ཁོང་གིས་དཔྲལ་བའི་གཉེར་མ་བསྡུས་ཏེ“སྔོན་མ་ང་ཚོ་ལྷོ་པ་རྣམས་རྔོན་བརྒྱབ་ནས་འཚོ་བ་འཕྱིད་ཐབས་བྱེད་པས་རྔོན་ཡག་པོ་རྒྱག་ཐུབ་མཁན་ཁྱིམ་གྱི་འཚོ་བ་ཅུང་ཡག་ཙམ་ཡོད་པ་དང་རྔོན་ཡག་པོ་རྒྱག་མི་ཐུབ་པའི་ཁྱིམ་ལ་སྔོ་ཚོད་ལས་བཟའ་རྒྱུ་མེད། གལ་ཏེ་སྟབས་མ་ལེགས་པར་ནད་ཕོག་ཚེ་རང་ཉིད་ཀྱིས་རི་རྩེར་སྨན་རྩྭ་འཐུ་བར་འགྲོ་དགོས་པ་དང་། དྲག་སྐྱེད་བྱུང་ན་རབ་དང་མ་བྱུང་ཚེ་ཤི་སྒུག་རྒྱག་རྒྱུ་ལས་མེད། རླབས་ཆེན་གུང་ཁྲན་ཏང་ཕེབས་རྗེས་ང་ཚོ་གཞི་ནས་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོད་པ་མ་ཟད། འཚོ་བ་ཡང་ཉིན་རེ་ལས་མ་བསྡད་པར་ཡག་ཏུ་འགྲོ་འགོ་ཚུགས་སོང”ཞེས་བཤད།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ལྷོ་པར་འཕོ་འགྱུར་ཆེན་པོ་བྱུང་ནས་ཐད་ཀར་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་སླེབས་པ་དང་། ལྷོ་པའི་མང་ཚོགས་ཀྱི་སེམས་ནང་གི་སྡུག་བསྔལ་གྱི་མུན་པ་སངས་ནས་ས་མཐོར་སྐྱ་ནམ་རྒྱས་ཏེ་ལྷོ་པ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་སོང་ཡོད།
ད་ཆ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་གྱིས་ལོ་བརྒྱད་ཅུ་ལྷག་ཙམ་ལ་སླེབས་པའི་རྒད་པོ་ལིང་ཏུང་གི་ཡོང་འབབ་མང་དུ་ཕྱིན་ནས་འཚོ་བར་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། བདེ་སྐྱིད་འཚོ་བར་རོལ་བའི་རྒན་པོས“ད་ཆའི་འཚོ་བ་སྐྱིད་པོ་དེ་འདྲ་སྔོན་མ་བསམ་བློའི་ཡུལ་ལའང་འཁོར་མྱོང་མེད”ཅེས་བཤད་པ་དང་། ཁོང་གིས་ཉེ་འཁོར་གྱི་མི་རྣམས་ལ“གུང་ཁྲན་ཏང་གིས་ང་ཚོར་ད་ཆའི་བདེ་སྐྱིད་ཀྱི་འཚོ་བ་དེ་གནང་བ་རེད། གུང་ཁྲན་ཏང་ནི་ང་ཚོའི་སེམས་དབུས་ཀྱི་ཉི་མ་དམར་པོ་རེད”ཅེས་ཤོད་ཀྱི་ཡོད།