དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • ཚེ་སྲོག་གསར་པ་ཐོབ་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-07

    160041_yis_1428295629838.jpg

    ལོ་91ལ་སླེབས་པའི་རྒན་མོ་སྒྲོལ་མ་གཡུ་སྒྲོན།

    160042_yis_1428295629962.jpg

    ལོ་62ལ་སླེབས་པའི་བསམ་གྲུབ།

    160043_yis_1428295630103.jpg

    ལོ་53ལ་སླེབས་པའི་ནོར་བུ་བསྟན་འཛིན།

    160044_yis_1428295630212.jpg

    ལོ་48ལ་སླེབས་པའི་ཚེ་བརྟན་འཇིགས་མེད།

    ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་ཞིང་། འདི་ལོ་དགུང་ལོ་91ལ་སླེབས་པའི་རྒན་མོ་གཡུ་སྒྲོན་མེ་ཐབ་འཁྲིས་སུ་བསྡད་ནས་སྣ་ཐ་འཐེན་ཞོར་དང་མངར་སིལ་ལྡན་པའི་ཆང་ཧུབ་གང་འཐུང་ཞོར་དུ་སྔར་སོང་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་མཆིས།

    ལོ་62ལ་སླེབས་པའི་བགྲེས་སོང་བསམ་གྲུབ་སྨན་རྩིས་ཁང་དུ་ལུམས་བརྒྱབ་རྗེས་རང་ཁྱིམ་དུ་ལོག་ནས་ཇ་མངར་མོ་དཀར་ཡོལ་གང་དོ་བཏུང་རྗེས་ཉར་ཚགས་ཡག་པོ་བྱས་པའི་རང་གི་རི་འཛེག་དྲན་རྟེན་འདྲ་པར་ཕྱིས་བཞིན་འདུག

    ལོ་53ལ་སླེབས་པའི་ནོར་བུ་བསྟན་འཛིན་ལགས་ཀྱིས་ལས་གོས་གྱོན་ཏེ་རྩམ་འཐག་བཟོ་གྲྭའི་ནང་སྐོར་ཞིབ་བྱེད་ཞོར་དུ་ཆུ་འཁོར་100གསར་དུ་བསྐྲུན་རྒྱུའི་བསམ་བློ་གཏོང་བཞིན་འདུག

    ལོ་48ལ་སླེབས་པའི་ཚེ་བརྟན་འཇིགས་མེད་གཞུང་ལས་ཁང་དུ་ལས་དུས་འཕར་མ་བྱེད་བཞིན“བོད་ལུགས་གསོ་རིག་དང་བོད་སྨན་གྲངས་གཞི་ཅན་དུ་འགྱུར་བའི”རྣམ་གྲངས་ཀྱི་ཡིག་ཐོག་སྙན་ཞུ་འབྲི་བཞིན་ཡོད་པ་དང་སྒྲོག་ཙེའི་ཐོག་དཔྱད་གཞིའི་ཡིག་རིགས་མང་པོ་སྤུངས་ནས་བཞག་འདུག

    ཚེ་སྲོག་གསར་པ་ཐོབ་པ།

    【ལོ་རྒྱུས】 1959ལོའི་ཟླ་3ཚེས་10ཉིན་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་མེ་བསྲེག་བཏང་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དམག་ཁུལ་ཁང་གིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་དགོས་པའི་བཀའ་བཏང་བ་ཕུད། དེ་ཉིན་ནས་བཟུང་བོད་ས་གནས་སྲིད་གཞུང་མེད་པ་བཟོས་ཏེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱིས་བོད་ས་གནས་སྲིད་གཞུང་གི་འགན་དབང་སྤྱོད་རྒྱུའི”གཏན་འབེབས་གནང་། ཟླ་4ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བོད་ཀྱི་གནད་དོན་སྐོར་གྱི་གྲོས་ཆོད་བཏོན་པ་རེད། “བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་རེ་འདུན་དང་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་རིག་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རིམ་གྱིས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྡུག་བསྔལ་ལས་བསྐྱབས་པའི་ཁར། དར་རྒྱས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད”

    【ལོ་ཟླ】 སྒྲོལ་མ་གཡུ་སྒྲོན་ལོ་35ལ་སླེབས་སྐབས་གཞི་ནས་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་བའི་མྱོང་ཚོར་བྱུང་ཞིང་། ཁོང་སྡོད་སའི་ཟས་ཞིམ་གྲོང་ཚོ་དེ་ལྷ་སའི་ནུབ་ངོས་ཀྱི་སྤྱི་ལེ་40ལྷག་ཙམ་སར་གནས་པ་དང་གྲོང་ཚོའི་རྒྱབ་ངོས་ནི་ལྷ་ལུང་དཔལ་རྡོར་རི་བོ་ཡིན་པ་དང་། གྲོང་ཚོའི་རྒྱབ་མདུན་གཉིས་སུ་ལྕང་མ་མང་པོ་བཏབ་པ་དང་དྭངས་ཤིང་གཙང་བའི་ཆུ་ཕྲན་ཞིག་གྲོང་ཚོ་བརྒྱུད་ནས་དལ་བུར་རྒྱུག་གི་ཡོད། དེ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་མ་ཡི་གཞིས་ཀ་ཡིན་པ་དང་། གྲོང་ཚོ་དེ་ཡོངས་སུ་དུད་ཚང་22ཡོད་པའི་ནང་དུད་ཚང་18ཞིང་བྲན་དང་དུད་ཚང་4ནང་བཟན་རེད།

    ལོ་བཅུ་ལྷག་ཙམ་ནས་བཟུང་སྒྲོལ་མ་གཡུ་སྒྲོན་གྱིས་གཞིས་ཀའི་ནང་ལས་ཀ་བྱས་ནས་བསྡད་ཅིང་། ནམ་མ་ལངས་གོང་ནས་ཕྱིར་ལས་ཀར་སྐྱོད་དགོས་པ་དང་མཚན་དགུང་སྐབས་གཞི་ནས་ཁྱིམ་དུ་ལོག་གི་ཡོད། དཔྱིད་ཀ་ལོ་ཏོག་འདེབས་པ་དང་སྟོན་ཁ་བཙས་མ་བརྔ་བ་སོགས་ལས་ཀ་སྣ་ཚོགས་བྱེད་མྱོང་བས་ལག་གཉིས་ལ་སེར་ཁ་གས་པ་མ་ཟད། ད་དུང་ལྟོགས་དུས་རྩམ་པ་དང་སྐོམ་དུས་ཆུ་ཁོ་ན་ལས་མེད། ཁོང་གིས“རྩམ་པ་མང་པོ་ཟ་ཕོད་ཀྱི་མི་འདུག མང་པོ་བཟས་ཚེ་ཡང་བསྐྱར་གཡར་བར་འགྲོ་དགོས་ཀྱི་ཡོད་པས་དུས་ནམ་ཡང་འཚོ་བ་སྐྱིད་པོ་སྐྱེལ་ཐབས་མེད”ཅེས་བཤད་བྱུང་།

    ལོ་དེར་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་སྐུ་དྲག་གཞིས་ཀའི་ནང་དེ་སྔ་འཚོ་བ་སྐྱོ་པོ་སྐྱེལ་མཁན་ཞིང་བྲན་རྣམས་ཀྱིས་ཏང་གི་འགོ་ཁྲིད་འོག་མངའ་བདག་གི་ས་ཆའི་གན་འཛིན་དང་། གན་རྒྱ། རྩིས་ཁྲ་སོགས་ཚང་མ་མེར་བསྲེགས་པ་མ་ཟད། ད་དུང་མངའ་བདག་དང་སྐུ་དྲག་གི་ཁང་པ་དང་ས་ཞིང་བགོ་བཤའ་བརྒྱབ་པས་མི་རྣམས་ཀྱིས་ལག་ཏུ་ཁ་བཏགས་འཁྱེར་བ་དང་ཞིམ་མངར་ནས་ཆང་འཐུང་བཞིན་གླུ་ལེན་གར་འཁྲབ་བྱས།

    སྦྲང་ཆར་ཟིལ་མས་བརླན་པའི་ཞིང་ས་དང་འདྲ་བར་སྒྲོལ་མ་གཡུ་སྒྲོན་གྱིས་ཡུན་རིང་རེ་སྒུག་བྱས་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཤིང་། ཁོང་གིས“སྔོན་ཆད་ངས་ཉིན་གང་དཀའ་ལས་ཚད་མེད་བརྒྱབ་རུང་ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་མེད། ས་ཞིང་བགོ་བཤའ་བརྒྱབ་རྗེས་ང་རང་ས་ཞིང་བདག་པོར་གྱུར་པས་ཐོན་འབབ་གང་འདྲ་བྱུང་བ་ཚང་མ་རང་སོ་སོར་བདག་གི་ཡོད་སྟབས་དངོས་གནས་དགའ་ཚོར་ཆེན་པོ་འདུག”ཅེས་བརྗོད།

    འབད་འཐབ།

    【ལོ་རྒྱུས】 1965ལོའི་ཟླ་9ཚེས་1ནས་ཚེས་9ཉིན་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་ཏེ་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་རེད། ཟླ་9ཚེས་14ཉིན་བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་རང་གི་འགན་དབང་དངོས་སུ་སྤྱོད་འགོ་ཚུགས་པས་ས་མཐོའི་མི་དམངས་རྣམས་དགའ་བས་རབ་ཏུ་མྱོས་ཏེ་ཡར་ལངས་ཞིང་བྲན་རྣམས་ལ་མཐར་རང་ཐག་རང་གཅོད་ཐུབ་པའི་དུས་སྐབས་གསར་པ་ཤར་བར་རྟེན་འབྲེལ་ཞུས་པ་རེད།

    【ལོ་ཟླ】 གཉེར་ཁར་གྲོང་ཚོའི་ཁོངས་ཀྱི་ལྕགས་སྟོད་མི་དམངས་ཀུང་ཧྲེར་དམངས་བཙུགས་སློབ་གྲྭ་ཞིག་ཡོད་པ་དང་ལོ་14ལ་སླེབས་པའི་བསམ་གྲུབ་ཀྱིས་རིམ་བཞིན་ཧ་ཉིད་གོ་རྗེས་ཕ་མར་རང་ཉིད་སློབ་གྲྭར་གཏོང་རྒྱུའི་ཞུ་བ་འཐེན།

    སློབ་གྲྭའི་ནང་གཙོ་བོ་བོད་ཡིག་སློབ་ཀྱི་ཡོད་པ་དང་བསམ་གྲུབ་ཀྱིས་སློབ་ལ་འབད་པ་ཆེན་པོ་བྱས།

    ཟླ་གཉིས་ནང་བསམ་གྲུབ་ཀྱིས་བོད་ཡིག་དབྱངས་གསལ་སོ་བཞི་འབྲི་ཀློག་བྱེད་སྟངས་ཤེས་པ་མ་ཟད། སྦྱངས་ཤིང་ཐོན་ཏེ་ཤོག་བུའི་ཐོག་འབྲི་ཐུབ་ཀྱི་ཡོད་པས་དགེ་རྒན་གྱིས་ཁོང་ལ“སྦྱངས་འབྲས་ཡག་པོ་འདུག”ཅེས་བསྔགས་བརྗོད་བྱས།

    1969ལོར་བསམ་གྲུབ་ཀྱིས་ཕ་མའི་ལྐོག་ཏུ་དམག་ལ་ཞུགས་རྒྱུའི་ཐོ་འགོད་བྱས་ཏེ་བོད་བྱང་ཐང་དུ་གནས་པའི་ནག་ཆུ་ཡན་ལག་དམག་ཁུལ་ཁང་དུ་ཡོང་ནས་དམག་མི་ངོ་མ་ཞིག་བྱས།

    ལོ་5ཡི་རྗེས་སུ་བསམ་གྲུབ་ཀྱི་མི་ཚེའི་འགྱུར་ལྡོག་གལ་ཆེ་ཤོས་ཤིག་བྱུང་བ་ནི་ཀྲུང་གོ་རི་འཛེག་རུ་ཁག་ནང་ཚུད་པ་དེ་ཡིན་པ་དང་དེའི་སང་ལོར་ཇོ་རིར་འཛེགས་རྩིས་བྱེད་བཞིན་ཡོད། གཟུགས་པོར་སྦྱོང་བརྡར་ཚད་མེད་བྱས་རྗེས་1975ལོའི་ཟླ་3པར་བསམ་གྲུབ་ཇོ་རིའི་སྒར་ས་ཆེ་མོར་ཡོང་ཞིང་། དང་ཐོག་ལམ་བཟོ་རུ་ཁག་ཏུ་བཏང་བ་དང་རྗེས་སུ་འཕྲལ་སྒྲུབ་རུ་ཁག་ཏུ་འཐེན། རི་རྩེར་ཐེངས་གཉིས་པ་འཛེགས་སྐབས་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཝུའུ་ཙུང་གཡོད་གཡང་ལ་ལྷུང་ནས་རྐྱེན་ལམ་དུ་སོང་བ་དང་ལམ་ནོར་ཐེབས་པ་སོགས་ཀྱི་དཀའ་ངལ་འཕྲད། རྒྱབ་ཏུ་ལྕགས་ཀྱི་སྐས་འཛེགས་ཆུང་ཆུང་འཁུར་བའི་བསམ་གྲུབ་ཀྱིས་མཐོ་ཚད་སྨི་8680འཛེགས་མྱོང་ཡོད་ཀྱང་མཐར་རི་རྩེར་འཛེགས་ཐུབ་མེད།

    མཐའ་མཇུག་རི་རྩེར་འཛེགས་སྐབས་བསམ་གྲུབ་འཕྲལ་སྒྲུབ་རུ་མི་18ཀྱི་གྲས་ཤིག་ལ་གྱུར་ཡོད། ཟླ་5ཚེས་27ཉིན་གྱི་ཆུ་ཚོད་14དང་སྐར་མ་30ལ་བསམ་གྲུབ་ཀྱིས་མཐར་རུ་མི་དང་མཉམ་དུ་ཇོ་རིར་འཛེགས་ཐུབ་པ་བྱུང་བ་དང་ཁོང་གིས་ལྟོ་ཕད་ནས་སྐར་ལྔའི་དར་དམར་བཏོན་ཏེ་རུ་མི་དང་མཉམ་དུ་རྒྱལ་དར་མཐོན་པོར་བསྒྲེངས་ནས་འགྱུར་མེད་དམ་བཅའ་མཚོན་པར་བྱས།

    སྐབས་དེ་དུས་མྱང་ཆུ་གཙང་པོའི་ངོགས་ཀྱི་པ་སྣམ་རྫོང་དགའ་སྡོང་ཆུས་ཀུན་རྭ་ཀུང་ཧྲེར་ལོ་13ལ་སོན་པའི་ནོར་བུ་བསྟན་འཛིན་ཞིང་ནང་དུ་ལུད་རྒྱག་པ་དང་། ཞིང་ཆུ་གཏོང་བ། རྩྭ་ངན་འགོག་པ་སོགས་བྲེལ་བརྩོན་ཆེན་པོ་བྱེད་བཞིན་ཡོད།

    སྟོད་ལུང་བདེ་ཆེན་རྫོང་དགའ་གྲོང་གྲོང་ཚོར་ལོ་8ལ་སོན་པའི་ཚེ་བརྟན་འཇིགས་མེད་ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་མེད་པའི་རྐྱེན་གྱིས་སློབ་གྲྭ་འགྲིམ་མ་ཐུབ་པར་ལུས་པས་ཉིན་ལྟར་ཐོན་སྐྱེད་རུ་ཁག་གི་ལུག་འཚོས་ནས་སྡོད་ཀྱི་ཡོད། དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་ན་ཟླ་ཚོས་སྐེ་དར་དམར་པོ་དཀྲིས་ཏེ་སློབ་གྲྭའི་ནང་གླུ་ལེན་གར་འཁྲབ་བྱེད་པ་མཐོང་སྐབས་སེམས་སྐྱོ་ནས་ཁྱིམ་དུ་ངུ་གི་ཡོད། ཨ་མར་ཡང་ཐབས་ཤེས་མེད་པས་རས་དམར་པོ་ཞིག་གིས་ཁོང་དང་གཅུང་པོར་སྐེ་དར་དམར་པོ་རེ་བཟོས་ཏེ་ཕྲུ་གུ་གཉིས་ནང་ལ་ལོག་རིམ་བཞིན་འདོགས་སུ་འཇུག་གི་ཡོད་པ་དང་ཕྲུ་གུ་གཉིས་པོས་མཚན་མོ་གཉིད་ཁུག་དུས་ཀྱང་སྐེ་དར་འདོགས་པ་དང་ཞོགས་པ་ཕྱིར་སྐྱོད་སྐབས་གཞི་ནས་དཀྲོལ་གྱི་ཡོད།

    ལས་གཏོད།

    【ལོ་རྒྱུས】 1978ལོའི་ཟླ་12པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་བ་དཔལ་འབྱོར་འཛུགས་སྐྲུན་ཐོག་བཞག་པ་དང་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་གཏན་འཁེལ་བྱས། 1980ལོ་དང་1984ལོར་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་འཚོགས་ཡོད། བོད་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཟིང་བཅོས་ཡོ་བསྲང་ཤུགས་ཆེན་བྱེད་པ་དང་། སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ། ཐོན་སྐྱེད་དང་འཛུགས་སྐྲུན་བྱ་གཞག་ཁག་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་པས་བོད་དེ་ཉིད་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་སླེབས།

    【ལོ་ཟླ】 1979ལོའི་སྲིད་ཇུས་དོན་འཁྱོལ་གྱི་ལོར་ལོ་12ལ་སླེབས་པའི་ཚེ་བརྟན་འཇིགས་མེད་དང་ཁོང་གི་གཅུང་པོ་དང་གཅུང་མོ་བཅས་མཉམ་དུ་སློབ་གྲྭར་སྐྱོད་འགོ་ཚུགས་པ་དང་། ཨ་མས་དངུལ་གཡར་ནས་གཅེན་གཅུང་གསུམ་ལ་གྱོན་གོས་གསར་པ་བཟོས་པ་མ་ཟད། ཐེར་གེ་ཞིག་གླས་ནས་ཁོང་ཚོ་སློབ་གྲྭར་བསྐྱལ་ཞིང་། “ཨ་མས་དཔེ་ཁུག་སེར་པོ་ཞིག་བཟོས་པ་དེའི་ཐོག་ཏུ་ཟུར་ལྔའི་སྐར་མ་ཡང་ཡོད་པ་དང་། སློབ་གྲྭའི་ནང་ལོ་ཆུང་གདོང་ལེན་རུ་མིའི་སྐེ་དར་དམར་པོ་བཏགས་ཆོག་པས་སེམས་ནང་ཧ་ཅང་དགའ་པོ་བྱུང”ཞེས་ཚེ་བརྟན་འཇིགས་མེད་ཀྱིས་བརྗོད།

    སློབ་གྲྭར་བསྐྱོད་རྗེས་ཀྱི་ཟླ་བ་གཉིས་པ་ནས་བཟུང་ཚེ་བརྟན་འཇིགས་མེད་ཀྱི་སློབ་སྦྱོང་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་། སློབ་དུས་གཅིག་གི་རྗེས་ལོ་རིམ་གསུམ་པར་རིམ་སྤར་བྱས་པ་དང་ལོ་གཉིས་པའི་སློབ་འགོ་ཚུགས་སྐབས་ལོ་རིམ་ལྔ་པར་རིམ་སྤར་བྱས། སློབ་གྲྭར་བསྐྱོད་ནས་ལོ་གཉིས་ཙམ་ནང་ཁོང་རྫོང་སློབ་འབྲིང་ལ་སྐྱོད་འགོ་ཚུགས་པ་མ་ཟད། 1983ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭར་རྒྱུགས་འཕྲོད་པ་རེད།

    ལོ་གསུམ་ནང་སློབ་ཚན་འཚོགས་པ་ཕུད། ཁོང་གིས་ཡིག་འབྲུ་ཁྲི་20ལྷག་ཙམ་ཟིན་པའི《རྒྱུད་གསུམ》དང་བོད་སྨན་སྣ་ཁ་300ལྷག་ཙམ་གྱི་སྨན་སྦྱོར་ནུས་པ་ཆ་ཚང་ངག་ལ་ཟིན་ཐུབ་པ་དང་ཕུལ་བྱུང་སྦྱངས་འབྲས་ཐོག་ནས་སློབ་གྲྭ་ཐོན་ཏེ་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ལས་བགོས་བརྒྱབ།

    1986ལོའི་རྗེས་སུ་ཁེངས་ཆུང་གཤིས་འཇམ་དང་ལས་ཀ་ཏན་ཏན་ཏིག་ཏིག་བྱེད་མཁན་ཚེ་བརྟན་འཇིགས་མེད་ཀྱིས་སྔ་རྗེས་སུ་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་དང་། རིག་གཞུང་ཞིབ་འཇུག བོད་སྨན་འདུས་སྦྱོང་། སྨན་གསར་པ་ཞིབ་བཟོ་སོགས་ལས་གནས་མང་པོའི་ཐོག་ལས་ཀ་བྱས་པ་མ་ཟད། ཧྭ་ཤིའི་གསོ་རིག་སློབ་ཆེན་དུ་ཟབ་སྦྱོང་དུ་བསྐྱོད་ནས་ཤེས་བྱ་དང་ལག་རྩལ་མང་པོ་ཞིག་ཁོང་དུ་ཆུད། 1993ལོར་གདམ་གསེས་ནན་པོ་བྱས་པ་བརྒྱུད་སྐབས་དེ་དུས་སྨན་རྩིས་ཁང་གི་ཡོན་ཀྲང་དང་ལ་སྨན་མཁས་དབང་བྱམས་པ་འཕྲིན་ལས་ཀྱི་དགེ་ཕྲུག་དང་དྲུང་ཡིག་གཅིག་ལྕོགས་ལ་བདམས་པ་རེད།

    ལོ་འདིའི་དཔྱིད་ཀར་ལོ་40ལ་སླེབས་པའི་བསམ་གྲུབ་ཀྱིས་འགན་འཁྲི་ལྕི་པོ་ཞིག་བསྐྱར་དུ་ཁུར་བ་སྟེ། “མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་8000ཡན་ཟིན་པའི་འཛམ་གླིང་གི་རི་བོ་14ཡི་ཡང་རྩེར་འཛེག་པའི་ཀྲུང་གོའི་བོད་ལྗོངས་མྱུལ་དཔྱད་རུ་ཁག”གི་སྣེ་ཁྲིད་དེ་རྒྱལ་མཚམས་ནས་ཐེངས་དང་པོར་ཐོན་པ་དང་ནེ་པ་ལར་བསྐྱོད་ནས་ཨན་ན་པུའར་ན་རི་བོ་དང་ཏའོ་ལ་ཅི་ལི་རི་བོ་འཛེགས་ཐུབ་པ་བྱུང་བ་རེད།

    1999ལོའི་ཟླ་5ཚེས་27ཉིན་གྱི་ཞོགས་པར་ཇོ་མོ་གླང་མའི་སྒར་ས་ཆེ་མོར་བོད་ལྗོངས་རི་འཛེག་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་བཞིན་པའི་བསམ་གྲུབ་ཀྱིས་རི་འཛེག་གི་བྱ་སྤྱོད་གལ་ཆེན་ཞིག་ལ་བཀོད་འདོམས་བྱེད་བཞིན་ཡོད་ཅིང་། སྐབས་དེར་རུ་མི་10ཡིས་གོམ་པ་རེ་རེ་བཞིན་རི་རྩེར་བཅར་བ་དང་ཆུ་ཚོད་8དང་སྐར་མ་2ཐོག་སྤེན་པ་བཀྲ་ཤིས་རི་རྩེར་འབྱོར་པ་དང་དེ་རྗེས་རུ་མི་ཆ་ཚང་རི་རྩེར་འབྱོར་པ་མ་ཟད། རི་རྩེ་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་མེ་མཆོག་གི་མེ་སོན་ཏེ། “ཀྲུང་ཧྭ་མི་རིགས་ཀྱི་མེ་མཆོག”བླངས་ཡོད། དེ་ནི་འཛམ་གླིང་ལུས་རྩལ་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན་ལ་ཇོ་རིའི་རྩེ་མོ་ནས་མེ་སོན་ལེན་ཐེངས་དང་པོ་དེའང་ཡིན།

    ནོར་བུ་བསྟན་འཛིན་སྡོད་སའི་པ་སྣམ་རྫོང་ནི་བོད་ཀྱི་འབྲུ་མཛོད་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་དུས་འགོར་ས་ཞིང་དུད་ཚང་ལ་འགན་གཙང་སྤྲད་ཚུན་ཁྱིམ་གྱིས་ས་ཞིང་མུའུ་20ལྷག་ཙམ་འགན་གཙང་བླངས་པ་དང་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་མོད། འོན་ཀྱང་འབྱོར་ཕྱུག་ནི་གླེང་ཐབས་བྲལ། ཁོང་གིས་1993ལོར་དངུལ་བུན་སྒོར་ཁྲི་4གཡར་ནས་ལྗིད་ཐེག་རླངས་འཁོར་ཞིག་ཉོས་ཏེ་སྐྱེལ་འདྲེན་བྱས་པ་དང་དུས་མཚུངས་ཉིན་རེའི་མཁོ་ཆས་ཁག་གཅིག་ཉོས་ནས་གྲོང་གསེབ་ཏུ་བཙོངས་པས“སྒོར་ཁྲིའི་ཁྱིམ་ཚང”ལ་གྱུར་པ་རེད། འོན་ཀྱང་སྐབས་དེ་དུས་གྲོང་མིའི་དངུལ་སྨར་ཡོང་འབབ་ཉུང་ཉུང་ཡིན་སྟབས་ཅ་ལག་ཉོ་སྐབས་འབྲུ་རིགས་དང་བརྗེ་པོ་རྒྱག་རྒྱུ་ལས་ཐབས་གཞན་མེད། ལོ་ཁ་ཤས་ནང་ནོར་བུ་བསྟན་འཛིན་གྱིས་ཁྱིམ་དུ་ནས་རྒྱ་མ་ཁྲི་22གསོག་འཇོག་བྱས་ཤིང་། ཁོང་གིས་ནས་ལྷ་ས་རྒུ་རུམ་རྩམ་པ་ལས་སྣོན་བཟོ་གྲྭར་ཐེངས་མང་བཙོངས། རྗེས་སུ་ཁོང་ལ་རྩམ་པ་ལས་སྣོན་བཟོ་གྲྭ་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། 1999ལོར་ནོར་བུ་བསྟན་འཛིན་གྱིས་ལྷ་ས་ནས་རྩམ་པ་འཐག་བྱེད་ཀྱི་ཡོ་ཆས་ཉོས་ཏེ་རྩམ་པ་འཐག་འགོ་ཚུགས་རུང་། བྲོ་བ་དེ་ཙམ་ཡག་པོ་བྱུང་མེད། ཁོང་གིས་གནས་ལུགས་འདི་འདྲ་ཞིག་ཤེས་རྟོགས་བྱུང་བ་སྟེ། “གཞན་གྱིས་སྒྲུབ་ཐུབ་པ་དེ་ངས་ཀྱང་སྒྲུབ་ཐུབ་ངེས་རེད”ཅེས་པ་དེ་རེད། ཟླ་བ་གསུམ་བཞི་ཙམ་གྱི་དུས་ཚོད་ནང་ནས་རྒྱ་མ་ཁྲི་2ཙམ་སྤྱད་པ་བརྒྱུད་ཁོང་གིས་གཞི་ནས་རྩམ་པ་བྲོ་བ་ཞིམ་པོ་ཞིག་འཐག་ཐུབ་པ་བྱུང་ཡོད། “ཁོང་གི་རྩམ་པའི་བྲོ་བ་དེ་རྒུ་རུམ་རྩམ་པ་ལས་ཞིམ་པ་ཡོད”

    གྲུབ་འབྲས།

    【ལོ་རྒྱུས】 2001ལོ་དང་2010ལོར་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་དང་ལྔ་པ་འཚོགས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བསམ་འཆར་བཏོན་ཏེ་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་ཁ་གསལ་བཟོས་པ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་གནས་ཚད་གཏན་འཁེལ་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་གྱི་དཔུང་སྐྱོད་དུང་བརྡ་གྲགས།

    【ལོ་ཟླ】 ལོ་60ཡི་སྐབས་ཀྱི་རྒན་མོ་སྒྲོལ་མ་གཡུ་སྒྲོན་གྱི་གཟུགས་པོ་ཧ་ཅང་ཐང་པོ་ཡོད་པ་དང་རྒྱུན་དུ་ཞིང་ནང་དུ་ལས་ཀ་བྱེད་ཀྱི་ཡོད། བློ་ཕམ་དགོས་པ་ཞིག་ལ་ཁོང་གི་བཟའ་ཟླ་ཚེ་ལས་འདས་ནས་གཅུང་མོའི་བུ་མོ་མིག་དམར་མཚམས་གཅོད་དང་མཉམ་དུ་འཚོ་བ་བསྐྱལ་དགོས་བྱུང་མོད། ཁོང་ཚོ་ནང་མོ་ཚོ་ཧ་ཅང་འཆམ་པོ་ཡོད། ལོ་56གི་དུས་ཚོད་ནི་ཐུང་ཐུང་ཞིག་ཡིན་ཞིང་། ད་ཆ་རྒན་མོ་སྒྲོལ་མ་གཡུ་སྒྲོན་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་ཁང་པའི་ནང་སྡོད་ཀྱི་ཡོད་པ་དང་ཟླ་རེར་སྲིད་གཞུང་གིས་གནང་བའི་འཚོ་བའི་ཁ་གསབ་དངུལ་ལེན་རྒྱུ་ཡོད་པས་ལྟོ་གོས་ཐད་སེམས་ཁྲལ་མེད་པར་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད།

    2013ལོར་བསམ་གྲུབ་ལས་འཁྱུར་ངལ་གསོ་བརྒྱབ་ཅིང་། ཁོང་གི་ཁང་པའི་སྐས་ཁར་འགྲེམས་སྟོན་གྱང་ཞིག་བཟོས་ནས་པར་རིས་ཆེ་ཆུང་སྣ་ཚོགས་དང་རི་འཛེག་སྒྲིག་ཆས་དང་དྲན་རྟེན་དངོས་པོ་བསྒྲིགས་ནས་ལོ་བཅུ་ཕྲག་གི་འོད་སྟོང་འཕྲོ་བའི་རི་འཛེག་མི་ཚེའི་སྐོར་དེའི་སྟེང་མཚོན་པར་བྱས་ཡོད།

    གཙང་ཁུལ་དུ་ནོར་བུ་བསྟན་འཛིན་གྱི་སྐོར་གླེང་སྐབས་ངོ་མི་ཤེས་མཁན་ཧ་ལམ་མེད། དགའ་སྡོང་གྲོང་རྡལ་ཀུན་རྭ་གྲོང་ཚོར་ཡོད་པའི་རྩམ་པ་ལས་སྣོན་བཟོ་གྲྭར་སྐྱོད་སྐབས་དེང་རབས་ཅན་གྱི་བཟོ་ཁང་དང་གཞུང་དོན་ཁང་པ་གྲལ་སྟར་སྒྲིག་པོས་བརྒྱབ་ཡོད་པ་དང་། བཟོ་ཁུལ་ནང་གི་གཞུང་ལམ་རྒྱ་ཆེ་ལ་ཕྱོགས་བཞི་ལྗོན་ཤིང་གིས་བསྐོར་ཡོད། གྲོས་ཚོགས་ཁང་ནང་ཁེ་ལས་ལ་ཐོབ་པའི་གཟེངས་བསྟོད་དང་། གཟེངས་རྟགས། གོས་དར་སྣ་ཚོགས་བསྒྲིགས་པ་དང་བཀལ་ཡོད། 2013ལོར་ནོར་བུ་བསྟན་འཛིན་ལ་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་གི་མཚན་སྙན་ཐོབ་པ་དང་། 2007ལོར་ཏང་གི་ཚོགས་ཆེན་བཅུ་བདུན་པའི་འཐུས་མིར་བདམས་ནས་པེ་ཅིང་དུ་ཚོགས་འདུར་ཐེངས་གཉིས་བསྐྱོད་པ་དང་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་བྱམས་བརྩེའི་མཇལ་འཕྲད་གནང་ཡོད།

    ཁེ་ལས་ཀྱི་ཕན་འབྲས་སྐོར་འདྲི་སྐབས་ནོར་བུ་བསྟན་འཛིན་གྱིས“ད་ཆ་ཆུ་འཁོར་100དང་ལས་མི་84ཡོད། ཉིན་རེར་རྩམ་པ་ཏུན་50ཐོན་སྐྱེད་ཐུབ་པ་དེ་དག་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་བཙོངས་ནས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་བཞི་སྟོང་ལྔ་སྟོང་ཙམ་ཟིན་གྱི་ཡོད”ཅེས་བརྗོད།

    ཕྱུག་པོ་ཆགས་པའི་ནོར་བུ་བསྟན་འཛིན་དགེ་སྒྲུབ་ལས་ལ་དགའ་ཞིང་གཏོང་ཕོད་ཆེན་པོ་ཡོད། ལོ་ལྟར་མ་དངུལ་བཏོན་ནས་གྲོང་ཚོ་དང་གྲོང་རྡལ་དུ་བྱ་བཟང་དང་བྱ་བ་དངོས་བསྒྲུབས་པ་དང་རིན་གོང་མཐོ་ཙམ་སྤྲད་དེ་ནས་ཉོ་སྒྲུབ་བྱེད་པ་དང་བཟོ་པའི་གླ་ཆ་ཡང་གཞན་དག་ལས་མཐོ་བ་སྤྲད་དེ་མི་དེ་བས་མང་བར་ཕན་པ་ཐོབ་པ་བྱེད་ཀྱི་ཡོད།

    ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་བརྩོན་འགྲུས་ཅན་ལ་གཡུར་ཟའི་གྲུབ་འབྲས་ཐོབ། 1993ལོ་ནས་2006ལོ་བར་ཚེ་བརྟན་འཇིགས་མེད་ཀྱིས་བྱམས་པ་འཕྲིན་ལས་ཀྱི་སྐུ་གམ་དུ་ཉིན་མཚན་བལྟོས་མེད་ངང་ལས་ཀ་དང་སློབ་སྦྱོང་བྱས་པས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་དངོས་སོགས་ཕྱོགས་གང་ཅིའི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད།

    2006ལོ་ནས་བཟུང་ཚེ་བརྟན་འཇིགས་མེད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བོད་སྨན་ཞིབ་འཇུག་ཁང་དུ་ལས་ཀ་བྱེད་པར་ཡོང་བ་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པའི་འགན་ཁུར་ཡོད། ཁོང་གིས་སྔ་རྗེས་སུ་ཆེད་རྩོམ་ཁག་11ཙམ་དཔེ་སྐྲུན་བྱས་པ་དང་། དུས་ཡུན་ལོ་གཅིག་ལྷག་ཙམ་སྤྱད་ནས《འཚོ་བྱེད་རྒྱལ་པོ་བྱམས་པ་འཕྲིན་ལས་སྐུ་ངོ་མས་འཆད་ཁྲིད་གནང་བའི་བོད་ལུགས་གསོ་རིག་གི་ལྟ་དེབ》ཅེས་པ་བྲིས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།