དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • “མུན་ནག་གི་ལོ་རབས་དེར་མི་སུ་ཡང་ལོག་འདོད་མེད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-04

    ཟླ་བ་གསུམ་པའི་གངས་ལྗོངས་ས་མཐོའི་གང་སར་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས།གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བུམ་ཆབ་སྡེ་ཁུལ་གྲོང་ལྷན་དུ་འགྲོ་སྐབས་རྒན་རྒོན་དང་སློབ་ཆུང་གི་སློབ་ཕྲུག་མང་པོ་ཞིག་སྒྲོག་ཙེའི་མཐའ་འཁོར་དུ་མཉམ་དུ་བསྡད་དེ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་འདུག ཁོང་ཚོས་སྐབས་འགར་གད་མོ་དགོད་པ་དང་སྐབས་རེ་ཁུ་སིམ་པོར་སྡོད་པ་ནི་སྡེ་ཁུལ་གྱི་རྒན་རྒོན་གྱིས་ཕྲུ་གུ་ཚོར་བོད་རྙིང་པའི་དཀའ་སྡུག་བརྗོད་བཞིན་པ་ཡིན།

    “ངའི་བག་ཆགས་ནང་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་ཀྱི་མེད། ང་ཆེན་པོ་མ་ཆགས་གོང་ལྷམ་གྱོན་མྱོང་མེད། ལུས་ལ་པགས་ཚགས་ཤིག་ལས་གྱོན་རྒྱུ་མེད་པ་དེ་ཉིན་མོའི་གོས་དང་མཚན་མོའི་ཉལ་ཆས་བྱེད་དགོས་ལ་དགུན་ཨ་རང་ད་རང་སྐབས་ལུས་ལ་རྩ་རས་གྱོན་རྒྱུ་ལས་མ་འདས། ང་ཚོ་སྦྱིན་བདག་གི་ཁང་པ་སྡུག་ཤོས་ནང་སྡོད་དགོས། དེའི་ཐོག་དཔངས་དམའ་ལ་རྒྱའང་ཆུང་བའི་ཁར་སྐར་ཁུང་མཛུབ་མགོ་ཙམ་ལས་མེད་པས་ཉིན་མཚན་མེད་པར་དཀར་ཆ་མཐོང་རྒྱུ་མེད། ཁང་པའི་ནང་རྩྭ་རས་དང་ནས་སོག་ཕྲན་བུ་དང་ཕོར་པ་ཁ་ཤས་ལས་མེད། རྩྭརས་དང་ནས་སོག་ནི་ང་ཚོའི་ཉལ་ཁྲི་ཡིན་པས་དགུན་དུས་ཁྱིམ་མི་ཚང་མ་འཚང་ཁ་བརྒྱབ་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད”ཅེས་རྒད་པོ་ཟླ་བ་ཚེ་རིང་གིས་བོད་རྙིང་པའི་འཚོ་བ་སྐོར་གླེང་སྐབས་སེམས་སྡུག་གི་མིག་ཆུ་ཡང་ཤོར་བཞིན་དུ་བཤད།

    “དབང་ཆ་གཞན་ལྟ་ཅི་མ་མཐའི་འཚོ་དབང་ཡང་མེད་པའི་ཁར་ལས་ཀ་རྫོགས་རྒྱུ་མེད་ལ་ཉེས་རྡུང་ཡང་མང་པོ་གཟེད་དགོས་ཀྱི་ཡོད། གྲོད་པ་སྟོང་པར་སྦྱིན་བདག་གི་ཆེད་དུ་རྟ་ཟོག་སེམས་ཅན་ལྟར་འགྲོ་དགོས་པ་མ་ཟད། རྒྱུན་དུ་ང་ཚོ་ཁོང་ཚོའི་སྤྲོ་སྣང་འཕེལ་བའི་རྩེད་ཆས་སུ་བརྩི་ཡི་ཡོད”ཅེས་འགྲམ་དུ་ཇ་འཐུང་ནས་སྡོད་བཞིན་པའི་བློ་བཟང་གིས་སྐད་ཆའི་བར་འཚངས་ནས་དེ་ལྟར་བརྗོད།

    བོད་རྙིང་པའི་འཚོ་བའི་སྐོར་གླེང་སྐབས་རྒན་རྒོན་ཚོའི་མིག་གཉིས་མཆི་ཞག་གིས་ཁེངས།སྐབས་དེ་དུས་རང་ཉིད་ལོ་ན་ཆུང་ཡང་རྒན་རབས་པ་ཚོས་བཤད་པའམ་ཡང་ན་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བ་གང་ཡིན་ཡང་ཁོང་ཚོའི་བག་ཆགས་ནང་བོད་རྙིང་པར་འཚོ་བ་བསྐྱལ་བའི་འོག་རིམ་གྱི་མི་དམངས་རྣམས་ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ཀྱིས་ཞིང་བྲན་བདག་པོའི་ཆེད་དུ་ལས་ཀ་བྱས་ནས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་ཁར་མི་ལུས་ལ་རང་དབང་མེད་པར་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད་ཅེས་ཁོང་ཚོས་བཤད། “དཀའ་སྡུག་མྱངས་མྱོང་མཁན་མི་སུ་ཡིན་ཡང་མུན་ནག་གི་ལོ་རབས་དེར་ལོག་འདོད་མེད”ཅེས་བློ་བཟང་གིས་བཤད།

    “གུང་ཁྲན་ཏང་ཕེབས་ནས་ང་ཚོའི་སྡུག་བསྔལ་བདེ་ལ་གྱུར་སོང”ཞེས་རྒད་པོ་ཟླ་བ་ཚེ་རིང་གིས་བཤད་ཅིང་། ཁོང་གིས་ཕྲུ་གུ་ཚོར་ལྟོས་དང་ད་ཆའི་འཚོ་བ་ཡག་པོ་གང་འདྲ་མི་འདུག་གམ། ཁྱེད་ཚོས་སློབ་གོས་སྙིང་རྗེ་པོ་འདི་འདྲ་གྱོན་ནས་ཡངས་ཤིང་དཀར་ཆ་དོད་པའི་སློབ་ཁང་ནང་སློབ་སྦྱོང་བྱེད་པ་མ་ཟད། ཁྱིམ་དུ་ལོག་རྗེས་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་མེད་པར་སློབ་སྦྱོང་ཡག་པོ་བྱས་ནས་ཉིན་བཞིན་ཡར་རྒྱས་ཡོང་བ་བྱས་ན་འགྲིག་གི་ཡོད་ཅེས་བཤད།

    རྒད་པོས་བཤད་པ་ཉན་རྗེས་ཕྲུ་གུ་ཚོས་ཧང་སངས་སངས་བྱེད་ཅིང་། ངས་སྤོ་བོ་ལགས་དང་རྨོ་བོ་ལགས་ཚོས་དཀའ་སྡུག་ཆེ་བའི་འཚོ་བ་དེ་འདྲ་སྐྱེལ་མྱོང་ཡོད་པ་ཤེས་མ་བྱུང་། ད་ཆ་གཏམ་རྒྱུད་དེ་དག་ཉན་སྐབས་ང་ལ་སློབ་གསོ་ཟབ་མོ་ཐེབས་བྱུང་། ངས་ཁྱིམ་མི་ཚོའི་རེ་བ་ཆུད་ཟོས་སུ་གཏན་ནས་མི་གཏོང་བར་སློབ་སྦྱོང་ཧུར་ཐག་བྱས་ཏེ་སྤོ་བོ་ལགས་དང་རྨོ་བོ་ལགས་ལ་ཞབས་ཕྱི་ཡག་པོ་ཞུ་གི་ཡིན”ཞེས་སློབ་ཆུང་གི་སློབ་མ་ཟླ་བས་བཤད།

    “ད་ཆ་ངས་སྤོ་བོ་ལགས་ཀྱིས་བཤད་པའི་བོད་རྙིང་པའི་ཡ་ང་བའི་འཚོ་བ་དེ་དག་ཉན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་བསྡུར་སྐབས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་བྱུང་བས་ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་དང་ཉིན་བཞིན་ཡར་རྒྱས་ཡོང་བ་བྱས་ནས་ཆེན་པོ་ཆགས་རྗེས་རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོགས་པའི་མི་ཞིག་བྱེད་ཀྱི་ཡིན”ཞེས་སློབ་ཆུང་གི་སློབ་མ་སྐལ་བཟང་སྒྲོལ་མས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད།

    བཅར་འདྲི་མཇུག་འགྲིལ་རྗེས་ཐག་རིང་གི་བུམ་ཆབ་སྡེ་ཁུལ་ནས་བོད་བཟོའི་ཁང་པ་སྟར་པ་རེ་རེ་ནས་དུ་བ་ལྷོག་ལྷོག་ཏུ་འཕྱུར་བཞིན་དུད་ཚང་ཀུན་ལ་དགའ་སྤྲོའི་རྣམ་པས་ཁེངས་པ་མཐོང་སྐབས་གསར་འགོད་པར་བོད་གསར་རྙིང་གི་གནམ་སའི་དབར་གྱི་ཁྱད་པར་ཟབ་མོ་ཚོར་ཐུབ་པ་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།