དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • དམངས་སེམས་གཅིག་ཏུ་སྒྲིལ། སྐྱིད་སྡུག་མཉམ་མྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-29

    འདི་ནི་ཟླ་8ཚེས་28ཉིན་གྱི་སྔ་དྲོར། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་ཚོས་ཆུ་རུད་ཐོན་སར་ལམ་གཤོང་བཞིན་པ།

    འདི་ནི་ཟླ་8ཚེས་27ཉིན་རོགས་སྐྱོབ་རླངས་འཁོར་སྐྱིད་གྲོང་གྲོང་རྡལ་ནས་གེགས་ཁུལ་དུ་ཐོན་བཞིན་པ།

    འདི་ནི་ཟླ་8ཚེས་27ཉིན་སྐྱིད་གྲོང་གྲོང་རྡལ་འཕྲལ་སྡོམ་རོགས་སྐྱོབ་མི་སྣས་འགག་སྒོའི་རླངས་འཁོར་འཇོག་སར་ཀྲུང་དབྱང་གི་མཁོ་འདོན་དངོས་ཟོག་ཁག་ཐེངས་དང་པོ་དབོར་བཞིན་པ།

    འདི་ནི་ཟླ་8ཚེས་28ཉིན་གྱི་སྔ་དྲོར། གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོས་མེ་གསོད་དཔོན་དམག་དང་མཉམ་དུ་གདོང་མཆོང་གྲུ་གཟིངས་ཁྱེར་ཏེ་ལྟེ་བའི་ཁུལ་དུ་སྐྱོད་བཞིན་པ།

    འདི་ནི་ཟླ་8ཚེས་28ཉིན་སྐྱིད་གྲོང་རྫོང་གི་སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་ཀྱི་འཁྱིལ་མཚོའི་ཁྱབ་ཁོངས་སུ་འབྲེལ་ཡོད་ཆེད་ལས་མི་སྣས་མི་མེད་གནམ་གྲུས་པར་རྒྱག་བཞིན་པ།

    འདི་ནི་ཟླ་8ཚེས་27ཉིན་མི་དམངས་ཉེན་རྟོག་པ་དང་ལས་དོན་པས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་ཁ་ལག་བླུག་བཞིན་པ།

    འདི་ནི་ཟླ་8ཚེས་27ཉིན་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཉེན་སེལ་ཤར་གཏོང་མི་སྣས་G216ཡི་གཏོར་སྐྱོན་ཕོག་པའི་ལམ་དུམ་གྱི་འདམ་རྙོག་གཤོང་བཞིན་པ།

    ཟླ་8ཚེས་26ཉིན་གློ་བུར་དུ་ཐོན་པའི་ཆུ་རུད་ཀྱི་གནོད་འཚེས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོར་གནོད་འཚེ་ཚབས་ཆེན་བཟོས་ཡོད། གནོད་འཚེ་ཐོན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས། མིག་སྔར་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་། འཇིགས་སྐུལ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག དུས་ཚོད་དམ་འཛིན་གྱིས་རྨས་མ་སྐྱོབ་བཅོས་བཅས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད། ཟླ་8ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་སྟེ། འབྲེལ་ཡོད་ཕྱོགས་ཁག་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས། བློ་ཐག་ཆོད་ཅིང་ནུས་ལྡན་གྱི་བྱ་ཐབས་དང་ཚན་རིག་དང་མཐུན་ཞིང་ལས་ཕྱོད་ཆེ་བའི་ཐབས་ཤེས་ཐོག་ནས་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་དབྱང་ནས་ས་གནས་བར་གྱི་ཕྱོགས་ཁག་གི་སྟོབས་ཤུགས་ཚང་མ་མགྱོགས་མྱུར་མཉམ་འཛོམས་དང་ཉིན་མཚན་དབྱེར་མེད་རོགས་སྐྱོབ་བྱེད་པར་འོང་བ་དང་། མི་མེད་གནམ་གྲུས་བར་སྣང་དུ་མྱུལ་ཞིབ་བྱེད་པ་དང་རོགས་སྐྱོབ་མི་སྣས་གེགས་ཁུལ་དུ་སྨི་རེ་རེ་བཞིན་མདུན་སྐྱོད་བྱེད་བཞིན་ཡོད། སྐར་ཆ་བརྩོན་ལེན་གྱིས་ཚེ་སྲོག་སྐྱོབ་ཐབས་བྱེད་བཞིན་ཡོད།

    སྐྱིད་གྲོང་འགག་སྒོ་ནི་ཧི་མ་ལ་ཡའི་གྲོག་རོང་དུ་གནས་པས། རོགས་སྐྱོབ་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད། འོན་ཀྱང་དཀའ་ངལ་གྱི་མདུན་དུ་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད་དེ། མེ་གསོད་རོགས་སྐྱོབ་མི་སྣས་ལི་མདོག་དམག་གོས་གྱོན་ནས་དཔའ་ངར་ཆེན་པོས་ཆུ་རུད་ཐོན་ཡུལ་དུ་མདོང་མཆོང་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་སྲོག་སྐྱོབ་ལས་ལ་གཞོལ་བཞིན་ཡོད་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་དམག་ཆས་ལྗང་ཁུ་གྱོན་ཏེ། ཉིན་མཚན་དབྱེར་མེད་གེགས་ཁུལ་གྱི་དུས་བདེ་སྲུང་བཞིན་པ། སྨན་དོན་མི་སྣ་ཚོས་སྨན་གོས་དཀར་པོ་གྱོན་ནས་གནས་སྐབས་ཕུབ་པའི་གུར་ནང་སྨན་བཅོས་སྲོག་སྐྱོབ་བྱས་ཏེ་རྨས་མར་རེ་བ་སྦྱིན་པ། ལས་གྲྭའི་ཉེན་སེལ་མི་སྣས་བདེ་འཇགས་ཞྭ་མོ་སེར་པོ་གྱོན་ཏེ་སྙིགས་རོ་བཤངས་ནས་ཚེ་སྲོག་སྐྱོབ་བཅོས་ཆེད་བགྲོད་ལམ་གཏོད་པ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣས་རླངས་འཁོར་ལ་བསྡད་དེ་ཉིན་མཚན་དབྱེར་མེད་ལ་བརྒྱབ་ཀླུང་བརྒལ་གྱིས་འཐབ་ས་མདུན་མའི་དཔའ་བོ་ཚོར་འཚོ་བའི་མཁོ་ཆས་རྒྱུན་ཆད་མེད་པར་དབོར་བ་ལ་སོགས། མི་གྲངས་ལས་འདས་པས་སྲོག་ཉེན་ལ་མ་འཛེམ་པར་ས་མཐོའི་གྲོག་རོང་དུ་ཚེ་སྲོག་སྲུང་བའི་ལྕགས་རི་རིང་པོ་ཞིག་བསྐྲུན་དང་སྐྲུན་མུས་རེད།

    གནོད་འཚེའི་མདུན་དུ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་དེ། རེ་བ་ཕྲན་བུ་ཙམ་ལས་མེད་རུང་བློས་གཏོང་གཏན་ནས་མི་བྱེད་པ་དང་། སྟོབས་ཤུགས་ཕྲན་བུ་ཙམ་ལས་མེད་རུང་ནུས་ཤུགས་ཡོད་རྒུ་འདོན་ངེས་རེད། འབྲེལ་བ་ཆད་པའི་སྤུན་ཟླ་དང་ཉེན་གྱར་ཚེ་སྲོག་དག་གིས་གང་མགྱོགས་རོགས་སྐྱོབ་ཐུབ་པའི་རེ་བ་འཆང་བཞིན་ཡོད།

    རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བ་དང་། འབྲེལ་བ་ཆད་པའི་མི་སྣར་སྨོན་ལམ་འདེབས་པ། ལྡོག་སྐྱོད་པར་གུས་འདུད་ཞུ་གི་ཡིན། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག་ང་ཚོས་ཆར་རླུང་དྲག་པོའི་རྗེས་ཀྱི་འཇའ་ཚོན་བསུ་ཐུབ་ངེས་རེད། འགག་སྒོ་བསྐྱར་སྐྲུན་དང་ཁྱིམ་གཞིས་སླར་གསོ་ཐུབ་སྲིད་ལ། གནོད་འཚེའི་ཁྲོད་ནས་མངོན་པའི་མི་ཡུལ་གྱི་བརྩེ་སེམས་ཟབ་མོ་ཡང་ཧི་མ་ལ་ཡའི་རི་གྲོང་དུ་ནམ་ཡང་མི་ནུབ་པར་གནས་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།