དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • རིག་གནས་སྟོན་མོ་གཟབ་རྒྱས་བཤམས། ཕྱོགས་བཞིའི་སྐུ་མགྲོན་ཡིད་དབང་བཀུག

    མལ་གྲོ་གུང་དཀར་རྫོང་གི“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-28

    འདི་ནི་དབྱར་དུས་ཀྱི“གྲོང་ཚོའི་མཚན་ཚོགས”དང་སྐབས་གཉིས་པའི་བོད་རིགས་ཀྱི་རྒྱན་གོས་ངོམ་སྟོན་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་ནས་ཞིང་འབྲོག་མང་ཚོགས་ལ་མིག་གི་སྟོན་མོ་གཟབ་རྒྱས་བཤམས་པ།

    འདི་ནི་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་གཡག་རྒྱུག་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་མལ་གྲོ་གུང་དཀར་རྫོང་གི་ཞིང་ཐང་ཡངས་པོར་ཡིད་འོང་པད་ཁའི་མེ་ཏོག་སེར་ཐིང་ངེར་བཞད་པ།

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་གཉེར་བ་རེད། ད་ཐེངས་ཀྱི་དུས་ཆེན་རིང་། ལོ་ངོ་སྟོང་གི་རིག་རྒྱུན་བླ་སྲོག་ཏུ་བྱེད་པ་དང་། ས་མཐོའི་སྐྱེ་ཁམས་རི་ཆུ་དབྱངས་རྟར་བྱེད་པ། རིག་གནས་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་རྩ་བར་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་དར་སྲོལ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་འགྱུར། དམངས་སྲོལ་འགྲན་བསྡུར་འཁྲུག་པོ། ས་མཐོའི་ལྗགས་སྨིན་ཟས་མཆོག་བཤམས་སྟོན། གྲོང་གསེབ་ཀྱི་རིག་གནས་སྤེལ་རེས། རིག་གནས་ཡུལ་སྐོར་ཁྱབ་སྤེལ་སོགས་ཀྱི་ངོ་མཚར་ལེ་ཚན་བཏོད་ཡོད། གནའ་བོའི་ཉམས་འགྱུར་དང་དུས་རབས་ཀྱི་དར་སྲོལ་གཅིག་ལ་གཅིག་བརྟེན་དུ་གནས་པ་དང་། ཕ་ཡུལ་གྱི་སྐྱིད་ཉམས་དང་དར་སྲོལ་གྱི་མཛེས་རིག་ཅིག་ཅར་དུ་འགྲོགས་ཤིང་། མལ་གྲོ་གུང་དཀར་རྫོང་གི་མི་ཆོས་རིག་གནས་དང་། སྐྱེ་ཁམས་ཀྱི་ཉམས་སྣང་། འཕེལ་རྒྱས་ཀྱི་མྱུར་ཚད་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ས་གནས་དེ་གའི་མང་ཚོགས་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ཡུལ་སྐོར་བར་ས་མཐོའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་། རྫོང་ཁོངས་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོར་གཏོང་དང་། ཐོན་ལས་ཀྱི་ཕན་འབྲས་ཆེར་གཏོང་། གྲོང་གསེབ་དར་རྒྱས་བཅས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་གསར་པ་བསྣན་ཡོད།

    “སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་ང་ཚོས་སྲོང་བཙན་རིག་གནས་རྩ་བར་འཛིན་པ་དང་གསེར་མདོག་པད་ཁའི་མེ་ཏོག་མཚམས་སྦྱོར་དུ་བྱས་ཏེ་མུ་འབྲེལ་ལེ་ཚན་རབ་དང་རིམ་པ་གྲ་སྒྲིག་ཞིབ་ཚགས་བྱས་ནས། ཚང་མ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་ལམ་དུ་སྐྱོད་བཞིན་ཞིམ་མངར་ཨ་རག་དང་ལྗགས་སྨིན་ཟས་མཆོག་གི་བྲོ་བ་མྱོང་ཞོར་སྲོལ་རྒྱུན་ལྷ་མོ་དང་དེང་རབས་བྲོ་གར་གྱི་ཉམས་བཟང་ལ་གཟིགས་པར་གདན་འདྲེན་ཞུ་གི་ཡིན”ཞེས་མལ་གྲོ་གུང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཕུང་ལིས་འགོ་ཚུགས་མཛད་སྒོར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་མགྲོན་བརྡ་དེ་ལྟར་བཏང་།

    ཡུལ་དུས་ལས་བརྒལ་བའི་གླེང་མོལ་དང་གནའ་དེང་གི་ཤེས་དཔལ་སྤེལ་རེས་བྱས་པ་བརྒྱུད་དུས་རབས་གསར་པར་ལོ་ངོ་སྟོང་གི་སྲོང་བཙན་རིག་གནས་ཀྱི་རྩ་བ་རབ་ཏུ་རྒྱས་ཡོད། དེ་དང་ཆབས་ཅིག ནན་ཅིང་གྲོང་ཁྱེར་ཆིན་ཧོའེ་ཆུས་རིག་གནས་ཁང་དང་ཞའོ་ཧུང་ཧྭ་སྒྱུ་རྩལ་ཚོགས་པས་ཞིང་ཆེན་བསྒྲལ་ནས་སྲོང་བཙན་སྒྱུ་རྩལ་ཚོགས་པ་དང་མཉམ་དུ་འཁྲབ་སྟོན་བྱས་པ་དང་། སྤུན་ཟླའི་རྫོང(ཆུས)གི་རིག་རྩལ་དཔུང་ཁག་གིས་གར་སྟེགས་གཅིག་ཏུ་མཉམ་དུ་འཁྲབ་སྟོན་བྱས་ཏེ་སྒྱུ་རྩལ་ལ་བརྟེན་ནས་གཅིག་སེམས་གཅིག་ཏུ་སྦྲེལ་བ་དང་བགྲང་བྱ་སུམ་ཅུའི་རིང་གི་ཁ་གཏད་རོགས་སྐྱོར་གྱི་བརྩེ་བ་ཟབ་མོའི་རྒྱུན་བསྐྱངས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་གངས་ལྗོངས་ཀྱི་བརྗིད་ཆེའི་ལེའུ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་དུས་གཅིག་ཏུ་བོད་ཆས་ཚོང་ཁང་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་འདུས། ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་བཅས་བཙུགས་ཤིང་། མལ་གྲོའི་པད་ཁའི་སྣུམ་དང་། གཟི་སྦུག་གི་ཚགས་ཤ སྲོལ་རྒྱུན་གྱི་སྤོས་སོགས་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་རིག་གནས་ཀྱི་ཚ་རླབས་འཛད་སྤྱོད་ཀྱི་གསོན་ཤུགས་སུ་བསྒྱུར་བ་དང་། རིག་གནས་དམངས་ཕན་དང་། རིག་གནས་ཡུལ་སྐོར་དར་རྒྱས། ཐོན་ལས་དམངས་ཕྱུག་ལ་སོགས་པའི་ཕན་འབྲས་མང་པོ་ཐོན་ཡོད་པ་རེད།

    དུས་ཆེན་གཅིག་གིས་གྲོང་ཁྱེར་གཅིག་ལ་གསོན་ཤུགས་སྦྱིན། སྐབས་འདིའི“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་གྱིས་རིག་གནས་དང་། ཡུལ་སྐོར། ཐོན་ལས་བཅས་ཟུང་དུ་འབྲེལ་བའི་སྣ་མང་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱས་པ་དེ་ནི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་དཔལ་དབར་གྱི་སྤེལ་རེས་གཏིང་ཟབ་ཅིག་དང་། རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་ལས་དབར་ཕན་ཚུན་མཐུན་རྐྱེན་སྦྱོར་བ་ཞིག་རེད་ལ། མལ་གྲོ་གུང་དཀར་རྫོང་གིས་གྲོང་ཁྱེར་གྱི་གཟུགས་བརྙན་མངོན་པ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན་པས། ལྷ་ས་གྲོང་ཁྱེར་གྱི་ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།