དཔྱིད་དཔལ་བཞད་པའི་ལྷ་སར་དཔེ་ཀློག་གི་རྣམ་པ་ཟབ།

འདི་ནི“ལྷ་སའི་དཔྱིད་གསར་དཔེ་ཚོགས”སྐབས་གསུམ་པ་དང་ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་དཔེ་ཀློག་འོས་སྦྱོར་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོར་གྲོང་མི་མང་ཚོགས་ཀྱིས་དཔེ་དེབ་ཉོ་བཞིན་པ།

འདི་ནི“ལྷ་སའི་དཔྱིད་གསར་དཔེ་ཚོགས”སྐབས་གསུམ་པ་དང་ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་དཔེ་ཀློག་འོས་སྦྱོར་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོར་བྱིས་པས་ཁྲོམ་བྲོ་འཁྲབ་བཞིན་པ།
ཉེ་ཆར“ལྷ་སའི་དཔྱིད་གསར་དཔེ་ཚོགས”སྐབས་གསུམ་པ་དང་ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་དཔེ་ཀློག་འོས་སྦྱོར་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་འགོ་ཚུགས་པ་དང་། བྱེད་སྒོ་དེ་ཟླ་4ཚེས་23ཉིན་བར་སྤེལ་རྒྱུ་ཡིན་པ་རེད། བྱེད་སྒོ་སྤེལ་རིང“དཔེ་ཀློག་དང་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་དཔེ་ཀློག་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་ཀྱིས་ལྷ་ས་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་སྟངས་གསར་པ་ཞིག་ཏུ་འགྱུར་བར་བྱས་ཡོད།
འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ་བོད་རྒྱ་དབྱིན་གསུམ་གྱི་སྙན་ངག་གྱེར་འདོན་ནས་འགོ་ཚུགས་ཤིང་། སྐད་རིགས་གསུམ་མཉམ་འདྲེས་ཀྱིས་དཔྱིད་ཀྱི་དབྱངས་རྟ་སྙན་མོ་ཞིག་དཀྲོལ་བ་དང་། བྱིས་པའི་ཁྲོམ་བྲོ་ལས་དུས་རབས་གསར་པའི་ལྷ་སའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཡོད།
སྤྱི་གླིང་དུ་འགྲེམས་སྟེགས་20བཟོས་པའི་ནང་གྲགས་ཅན་དཔེ་དེབ་དང་། རིག་གནས་བསམ་བཀོད་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག་གི་ཅ་དངོས་ཡག་པོ་བཅས་འགྲེམས་སྟོན་བྱས་ཡོད། དཔེ་ཀློག་ཁུལ་དུ་ཀློག་པ་པོ་ཚང་མས་དཔེ་དེབ་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་དང་། རི་མོ་ཁང་དུ་ཕྲུ་གུ་ཚོས་དགའ་ཚོར་ཆེན་པོས་བོད་ཡིག་གི་རིས་དེབ་དང་སྒྲུང་དེབ་ཀློག་པ། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁུལ་དུ་ཡུལ་སྐོར་བས་སྦྱང་ཤིང་སྟེང་ཡི་གེ་འབྲི་བ་དང་བོད་ཤོག་བཟོ་སྟངས་སྦྱངས་ཏེ་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་གཏོང་བ། དཔྱིད་དུས་སུ་ཡིག་སྒམ་མདུན་དུ་ཡིག་ཤོག་རེ་རེའི་སྟེང་བསམ་འདུན་དང་སྙན་ངག་འབྲི་བ་སོགས་བྱས་ནས་དཔྱིད་ཀྱི་ལྷ་སར་དཔེ་ཀློག་གི་རྣམ་པ་ཟབ་མོས་ཁེངས་པར་བྱས་ཡོད།
སན་ལན་ཐའོ་ཧྥན་དཔེ་ཁང་ལྷ་སའི་ཚོང་ཁང་གི་འགྲེམས་སྟེགས་མདུན་དུ་འགན་འཁུར་བ་གཡུང་མཚོས་སེམས་རྩ་འཁོལ་པོས་ཀློག་པ་པོར་དཔེ་དེབ་འོས་སྦྱོར་བྱེད་བཞིན་ཡོད། འདི་ནི་དཔེ་ཁང་གིས་དཔྱིད་གསར་དཔེ་ཚོགས་གཉེར་ཐེངས་དང་པོ་ཡིན་ཞིང་། དུས་ཐུང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ནང་བརྗོད་དོན་གཙོ་བོའི་དཔེ་དེབ་200ནས་20ཙམ་བཙོངས་ཐུབ་ཡོད། “འདི་གའི་མི་རྣམས་སེམས་རྩ་འཁོལ་བ་དང་། རིག་གནས་ཀྱི་རྣམ་པ་ཟབ་མོ་ཡོད་པ་མ་ཟད། ད་དུང་མི་ཚོས་སྣ་མང་རིག་གནས་ལ་དགའ་པོ་དེ་འདྲ་བྱེད་པ་ངོ་མ་བསམ་ཡུལ་ལས་འདས་སོང”ཞེས་གཡུང་མཚོས་འཛུམ་དམུལ་དམུལ་ངང་བཤད།
འགྲེམས་ཚོགས་རིང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་སྟེ། དེབ་གསར་མིང་འགོད་ཕྱིར་ཚོང་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་བརྗོད་དོན་གཙོ་བོའི་འཆད་ཁྲིད། སྐྱེ་ཁམས་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་འཆད་ཁྲིད། དམངས་ཁྲོད་སྒྲུང་གཏམ་ཤོད་པ་བཅས་བྱས་ཏེ་དཔེ་དེབ་ལྟ་ཀློག་ལས་རིག་གནས་སྣ་མང་བརྒྱུད་སྤྲོད་བྱ་རྒྱུ་དང་། “རི་ཆུའི་བཀོད་པ—མུ་འབྲེལ་རི་མོའི་ཁྲོད་ཀྱི་བོད་ཀྱི་གཏམ་རྒྱུད” དང་། “ལྷ་ས་ནི་སྙན་ངག་ཅིག་ཡིན—བྱིས་པའི་སྙན་དབྱངས་དང་རི་མོ་མཉམ་འདྲེས་ཀྱི་འགྲེམས་སྟོན”གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཆེན་པོ་གཉིས་ལས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱ་རྒྱུ། དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་སྡེ་ཁུལ་དང་། སློབ་གྲྭ གཞི་རིམ་གྱི་རིག་གནས་གཡུལ་ས་བཅས་སུ་སྤེལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་དཔེ་ཀློག་གི་འདུ་ཤེས་ཁྱབ་གདལ་གཏོང་རྒྱུ་རེད། ཟླ་4ཚེས་23ཉིན་གྱི་དགོང་མོར་སན་ལན་ཐའོ་ཧྥན་དཔེ་ཁང་ལྷ་སའི་ཚོང་ཁང་གིས་ད་དུང“AIདུས་རབས་སུ་དཔེ་ཀློག་གལ་ཆེན་པོ་ཡིན་ནམ”ཞེས་པའི་བརྗོད་དོན་གཙོ་བོའི་རྩོད་གླེང་འགྲན་བསྡུར་བྱས་ནས་བསམ་བློ་བརྗེ་རེས་ཁྲོད་དུས་རབས་ཀྱི་བརྗོད་གཞིར་ལན་བཏབ་སྟེ་དཔེ་ཀློག་གི་མཛེས་པ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།