ཁམ་བུའི་མེ་ཏོག་ཁྲ་ཆིལ་ཆིལ། ས་མཐོའི་རི་ཀླུང་སྣུམ་ཐིང་ཐིང་།
—— ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པའི་སྐོར་བཀོད་པ།

འདི་ནི་མང་ཚོགས་ཀྱིས་ཁམ་བུའི་མེ་ཏོག་ལྡུམ་རར་བི་ཤུ་འཕེན་བཞིན་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི“ཁམ་བུའི་མེ་ཏོག་བུམ་པའི”རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་གྱི་མཐའ་མའི་འགྲན་བསྡུར་བྱེད་པ།

འདི་ནི“ཁམ་བུའི་མེ་ཏོག་གི་དགའ་ནེའུ་དུས་ཆེན་གཏོང་བའི”ཟས་བརྒྱའི་ཚོང་འདུས་ཡིན་པ།

འདི་ནི་ཡུལ་སྐོར་བས་སྨན་གླིང་གྲོང་ཁྱེར་ཟུར་གསུམ་གྲོང་ཚོའི་ཁམ་བུའི་མེ་ཏོག་གི་གསེབ་ཏུ་པར་རྒྱག་བཞིན་པ།

འདི་ནི་ཡར་ཀླུང་གཙང་འགྲམ་དུ་བཞད་པའི་ཁམ་བུའི་མེ་ཏོག་ཡིན་པ།

འདི་ནི་གནམ་ལྕགས་འབར་བའི་གཤམ་དུ་བཞད་པའི་ཁམ་བུའི་མེ་ཏོག་གི་ཚལ་ཡིན་པ།

འདི་ནི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོའི་ཁམ་བུའི་མེ་ཏོག་ལྡུམ་ར་ཡིན་པ།
ཟླ་བཞི་པའི་དྲོད་རླུང་ས་མཐོར་དལ་གྱིས་ལྡང་ཞིང་། བོད་ཀྱི་ཤར་ལྷོའི་རི་ཀླུང་སྒང་གཤོངས་ཡོད་ཚད་སྔོ་ལྗང་གོས་ཀྱིས་བཀླུབས།
ཟླ་4ཚེས་3ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་དུས་ཆད་བཞིན་འཚོགས་ཤིང་། དཔྱིད་ཀར་མེ་ཏོག་ལ་ལྟ་བའི་ཐབས་ཇུས“རྩེར་སོན”ལུ་གུ་རྒྱུད་བཞིན་འགོད་པའི་ཚ་རླབས་རྒྱལ་ཡོངས་སུ་འཕྱུར་གཤིས། གངས་ལྗོངས་ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་དེས་སླར་ཡང་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག
དེ་ནི་ས་གཞི་ཡོངས་ལ་མེ་ཏོག་འདབ་བརྒྱ་ལྷུག་པོར་གྲོལ་བའི་དཔྱིད་ཀའི་སྟོན་མོ་གཟབ་རྒྱས་ཤིག་རེད།
སྨན་གླིང་གི་གྲོག་རོང་ཆེ་མོའི་རི་སྐེད་དུ་ཁམ་བུའི་མེ་ཏོག་གིས་བརྒྱན་པ་དང་། སྤོ་བོའི་ཁམ་བུའི་མེ་ཏོག་ལུང་ཤུར་དུ་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་ལ། བྲག་ཡིབ་ཀྱི་ཀ་ལ་གྲོང་ཚོའི་རི་ལྡེབས་གང་སར་ཁམ་བུའི་མེ་ཏོག་གི་མཛེས་རྒྱན་སྤྲས་ནས་དར་གོས་ལྟར་མཛེས་ཤིང་ལྟ་ན་སྡུག
གངས་ལྗོངས་ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་རི་ཚོགས་མུ་ཁྱུད་ཀྱི་མཛེས་ཉམས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་དེ་གར་འཛོམས་ཏེ་དཔྱིད་ཀྱི་སྒེག་མོ་དང་མཉམ་དུ་མེ་ཏོག་གི་མཛེས་སྡུག་ལ་རོལ་བཞིན་མཆིས།
མེ་ཏོག་རབ་ཏུ་བཞད་པའི་མཛེས་སྡུག་གིས་ཡུལ་སྐོར་བ་རྣམས་ཡིད་སེམས་རབ་ཏུ་མྱོས་ཤིང་། བགྲང་བྱ་23གི་རིང་། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བའི་དོན་སྙིང་ནི་མེ་ཏོག་ལ་ལྟ་བ་ཙམ་མ་ཡིན་པར་ལྗོངས་ཕྱི་ནང་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་འགྲོ་རྣམས་གངས་ལྗོངས་ས་མཐོར་མཉམ་དུ་འཛོམས་ནས་དགའ་སྐྱིད་ལ་རོལ་བའི་བྱ་བ་ཞིག་ཏུ་གྱུར་ཡོད། དེ་ནི་ཉིང་ཁྲིས་བཏོད་པའི་གསེར་གྱི་མཚན་བྱང་དང་། བོད་ཀྱིས་སྐུ་མགྲོན་ལ་ཕུལ་བའི་ལྷག་བསམ་གྱི་མིང་བྱང་ལྟ་བུ་ཞིག་རེད།
ད་ཐེངས་ཀྱི་ཁམ་བུའི་མེ་ཏོག་དུས་ཆེན་ལ་ཚོགས་ར་གཙོ་བོའི་བྱེད་སྒོ་ཁག་20ལྷག་ཙམ་དང་རྫོང(གྲོང་ཁྱེར་དང་ཆུས)ཁག་གི་ཡན་ལག་ཚོགས་རའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དེ་དག་ལོ་ནའི་དབྱེ་བ་མེད་པར་སྐུ་མགྲོན་ཚང་མར་ཁྱབ་པ་དང་། ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་ལ“ཚད་བརྒལ”རིམ་སྤོར་བྱུང་ནས་ཚ་རླབས་ཟམ་མི་ཆད་པར་འཕྱུར་ཏེ། དཔྱིད་དཔལ་བཞད་པའི་དུས་བཟང་འདིར་རང་རང་སོ་སོར་དབང་བའི་དཔྱིད་ཀའི་སྤྲོ་སྣང་ཞིག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
མེ་ཏོག་བཞད་པ་དེས་མི་སེར་གྱི་འཚོ་བ་དེ་བས་སྐྱིད་དུ་སོང་ཡོད། གྲོང་པ་ཁྱིམ་མཚེས་ཚང་མ་ཕྱུག་པོ་ཆགས་པ་ནི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་ལས་ཐོན་པའི་མཚོན་ཚུལ་དངོས་དངོས་རྗེན་རྗེན་ཞིག་རེད། ཁམ་བུའི་མེ་ཏོག་ལྡུམ་རའི་ནང་ཡུལ་སྐོར་བ་བུང་བའི་ཚོགས་བཞིན་འཁོར་བ་དང་། དམངས་སྲོལ་གནས་ཚང་དུ་མི་ཚོགས་ཀྱིས་ཁེངས་པ། ཡུལ་ཟོག་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པ་སོགས་ཉིང་ཁྲིའི་མང་ཚོགས་ཀྱིས་ཁམ་བུའི་མེ་ཏོག་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་དང་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་ཕྱིན་པ་ལས། ད་ཆ་ཁམ་བུའི་མེ་ཏོག་འདི་ཉིད་ཕྱུག་འགྱུར་གྱི་མེ་ཏོག་དང་བདེ་སྐྱིད་ཀྱི་མེ་ཏོག་ཅིག་ཏུ་གྱུར་ཡོད།
དེ་བས་ད་དུང་ད་ཐེངས་ཀྱི་མེ་ཏོག་ལ་ལྟ་བའི་འདུ་འཛོམས་ཆེན་པོ་དེས་མེ་ཏོག་ལ་བརྟེན་པ་དང་། དུས་ཆེན་གྱིས་མཚམས་སྦྱར་ནས་ཁམ་བུའི་མེ་ཏོག་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་གིས“རིག་གནས་ཡུལ་སྐོར་དང་། ལུས་རྩལ། ཞིང་ལས། ཚོང་ལས”བཅས་ཕན་ཚུན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བས། “ལྟ་མཁན”རྣམས“ཉོ་མཁན”དུ་གྱུར་པ་དང་། ཉིང་ཁྲིའི་ས་ཁོངས་ཧྲིལ་པོ་དང་། དུས་དང་རྣམ་པ་ཀུན་ཏུ་ཡུལ་སྐོར་ལ་མུ་མཐུད་སྐུལ་ཁྲིད་ཐུབ་ནས་ཁམ་བུའི་མེ་ཏོག་འདི་ཉིད་བཀྲག་མདངས་སྔར་བས་འཚེར་བར་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།