དབུ་ཤོག>པར་མཛོད།
  • སྤྲོ་སྣང་ལྡན་པའི་སྒོར་གཞས་འཁྲབ་། བདེ་ཐང་གསོན་ཤུགས་ལྷག་པར་འཕེལ་།

    ནག་ཆུ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཚོགས་པའི་སྒོར་གཞས་རུ་ཁག་གི་རུ་མིས་རྩྭ་ཐང་སྟེང་སྒོར་གཞས་འཁྲབ་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-28

    ནག་ཆུ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཚོགས་པའི་སྒོར་གཞས་རུ་ཁག་གི་རུ་མིས་རྩྭ་ཐང་སྟེང་སྒོར་གཞས་འཁྲབ་བཞིན་པ།

    2025ལོའི་ཀྲུང་གོའི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེན་པོ་བྱ་ཡུལ་ཡིན་པ།

    མང་ཚོགས་ཀྱིས་རྫོང་རྒྱབ་ཀླུ་ཁང་དུ་སྒོར་གཞས་འཁྲབ་བཞིན་པ།

    མང་ཚོགས་ཀྱིས་རྫོང་རྒྱབ་ཀླུ་ཁང་དུ་སྒོར་གཞས་འཁྲབ་བཞིན་པ།

    མང་ཚོགས་ཀྱིས་རྫོང་རྒྱབ་ཀླུ་ཁང་དུ་སྒོར་གཞས་འཁྲབ་བཞིན་པ།

    བོད་མི་རིགས་ནི“གཞས་དང་ཞབས་བྲོར་ཤིན་ཏུ་མཁས་པ”ཞིག་རེད་ཅེས་མི་རྣམས་ཀྱིས་རྟག་ཏུ་ཤོད་ཀྱི་ཡོད། བོད་རིགས་ཀྱི་ཞབས་བྲོའི་སྟངས་སྟབས་ཕུན་སུམ་ཚོགས་ལ་ཉམས་འགྱུར་སྣ་མང་ལྡན་ཞིང་། དེའི་ནང་སྒོར་གཞས་ནི་དར་ཁྱབ་ཆེ་ལ་འཐུས་ཚབ་རང་བཞིན་ཆེ་ཤོས་ལྡན་པའི་ཞབས་བྲོའི་གྲས་ཤིག་ཡིན་པ་དེ་གནའ་སྔ་མོ་ནས་ས་མཐོའི་མི་དམངས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་མཉམ་འདྲེས་ཟབ་མོ་ཐུབ་ཡོད།

    སྒོར་གཞས་ནི་གར་སྟེགས་ཐོག་གི་འཁྲབ་སྟོན་ཙམ་མ་ཡིན་པར་དེ་ནི་མང་ཚོགས་རང་བཞིན་དང་འཚོ་བ་ཅན་གྱི་རོལ་རྩེད་བྱེད་སྒོ་ཞིག་དེ་བས་རེད། སྤྱི་གླིང་དང་ཐང་ཆེན་ཡིན་ནའང་འདྲ། ཡང་ན་སྲང་ལམ་ཉེ་འགྲམ་གྱི་ས་སྟོང་ཡིན་ནའང་འདྲ། གང་ལྟར་ཚང་མ་སྒོར་གཞས་འཁྲབ་སར་ཆགས་ནས་འཚོ་བའི་རྣམ་པ་ཟབ་མོ་དང་བག་ཕེབས་ཤིང་སྤྲོ་སྣང་གི་རྣམ་པ་ཞིག་མངོན་གྱི་ཡོད།

    སྒོར་གཞས་འཁྲབ་མཁན་ཚོས་ཕུ་ཐུང་གནམ་ལ་གཡུག་ནས་གླུ་ལེན་གར་འཁྲབ་བྱེད་ཅིང་། སྐབས་རེ་རྒྱུག་ནས་མཆོང་པ་དང་སྐབས་རེ་རུ་དབྱིབས་སྒྱུར་བཞིན་ཡོད། ཞབས་བྲོ་ཧྲིལ་པོ་དལ་ལྷོད་རན་ལ་གསོན་ཤུགས་ཀྱིས་ཁེངས་ནས་སྒེག་ཉམས་ཀྱི་རྣམ་པས་ཁེངས་པ་དང་། འཁྲུག་ཆ་དོད་ཅིང་སྤྲོ་སྣང་ལྡན་པ་མ་ཟད། གཟུགས་པོར་སྦྱོང་བརྡར་ཡང་ཐུབ་ནས། ལུས་བདེ་སེམས་སྐྱིད་ཀྱི་བསམ་པའི་ཉམས་འགྱུར་ཞིག་མངོན་གྱི་ཡོད།

    ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་དབང་གིས་སྒོར་གཞས་དེ་2006ལོའི་ཟླ་5ཚེས་20ཉིན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོའི་ནང་ཚུད་ཡོད། དུས་དེ་ནས་བཟུང་། གནའ་བོའི་དམངས་ཁྲོད་སྒྱུ་རྩལ་དེར་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་དེ་བས་ལེགས་པ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། དམངས་ཡོངས་ཀྱི་ལུས་སྦྱོང་ཁྱབ་གདལ་བཏང་བ་དང་བསྟུན་ནས། སྒོར་གཞས་ཀྱི་ལུས་སྦྱོང་ནུས་པར་ཉིན་རེ་བཞིན་ཁས་ལེན་ཐུབ་པ་མ་ཟད། ཐ་ན“བོད་ཀྱི་ཐང་ཆེན་ཞབས་བྲོ”ཞེས་ཀྱང་འབོད་བཞིན་ཡོད་ལ་ལྗོངས་ནང་ཁུལ་གྱི་ས་གནས་ཁག་ཙམ་མ་ཟད། ལྗོངས་ཕྱིའི་ས་གནས་མང་པོ་ཞིག་ཏུ་ཡང་སྒོར་གཞས་འཁྲབ་རྒྱུ་དར་ཁྱབ་ཆེ་རུ་འགྲོ་བཞིན་ཡོད།

    2017ལོར་འགྲན་བསྡུར་སྐབས་དང་པོ་གཉེར་བ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེན་པོ་དེ་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་སྤུས་རྟགས་རིག་རྩལ་བྱེད་སྒོར་གྱུར་ཡོད། 2023ལོའི་ཟླ་6པར། ལྷ་ས་གྲོང་ཁྱེར་གྱིས་སྒོར་གཞས་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། སྒོར་གཞས་ལ་དགའ་པོ་བྱེད་མཁན་700ལྷག་ཙམ་སྤྲོ་སྣང་དོད་པོས་དེར་ཞུགས་ནས་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པོ་ཆགས་པ་རེད། 2025ལོའི་ཟླ་7པར། ཀྲུང་གོའི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེན་པོ་ཉིང་ཁྲི་གྲོང་ཁྱེར་ཉང་ཆུ་གཙང་པོའི་འགྲམ་དུ་ངོ་མཚར་ཆེན་པོས་འཁྲབ་སྟོན་བྱས་པ་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྒོར་གཞས་ལ་དགའ་པོ་བྱེད་མཁན་གྱིས་མཉམ་འཛོམས་བྱས་ནས་སྒོར་གཞས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་དམངས་ཡོངས་ཀྱི་ལུས་སྦྱོང་གི་གསོན་ཤུགས་ཆེན་པོ་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

    འགྲན་བསྡུར་ཆེ་གྲས་འདི་ལྟ་བུ་ཕུད། ད་དུང་སྒོར་གཞས་འགྲན་བསྡུར་མང་པོ་ཞིག་དམངས་ཁྲོད་དུ་རྒྱ་ཁྱབ་ཏུ་སྤེལ་བཞིན་ཡོད་པ་དེ་ཐོག་ནས་སྒོར་གཞས་དེ་ས་མཐོའི་མི་དམངས་ཀྱི་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་གཏིང་ཟབ་བྱུང་ནས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་གྱུར་པ་མཚོན་ཐུབ་ཅིང་། ཞོགས་པ་དང་ས་སྲོས་གང་ཡིན་རུང་གྲོང་ཁྱེར་གྱི་ཐང་ཆེན་དང་། གྲོང་གསེབ་ཀྱི་གར་སྟེགས། སྤྱི་གླིང་བཅས་སུ་མི་རྣམས་ཀྱིས་གླུ་ལེན་གར་འཁྲབ་བྱེད་པའི་འཁྲུག་ཆ་དོད་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ལ། སྒོར་གཞས་འཁྲབ་ན་ལུས་པོ་ཐང་དུ་དང་སེམས་པ་སྐྱིད་དུ་འགྲོ་བ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་བརྩེ་དུང་དང་སྤེལ་རེས་ཟབ་ཏུ་གཏོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།