ལག་ཤེས་ཐོན་རྫས་བྲིན་ཁ་རྒྱུག སྐུ་མགྲོན་བུང་བའི་ཚོགས་བཞིན་འཁོར་།
ལྷུན་གྲུབ་རྫོང་གི་ལོ་གསར་མཁོ་ཆས་ཚོང་འདུས་ཀྱི་མཐོང་ཐོས།
ལག་ཤེས་ཐོན་རྫས།

འདི་ནི་ནས་རྡོག་གིས་བཟོས་པའི་ཁྲུང་ཁྲུང་སྐེ་ནག་གི་སྒྲིག་ཆས་ཡིན་པ།

འདི་ནི་ལག་བཟོས་སྤོས་སྒོར་ཡིན་པ།

འདི་ནི་བཀྲ་ཤིས་རྟགས་བརྒྱད་ཀྱི་པར་སྒྲོམ་ཡིན་པ།

འདི་ནི་གྲོང་མི་མང་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱིས་བཟོས་པའི་ལག་ཤེས་ཐོན་རྫས་ཉོ་བཞིན་པ།

འདི་ནི་ཁ་པར་གྱི་འདོགས་ཆས་གཟི་རིས་ཅན་ཡིན་པ།

འདི་ནི་དབང་པོ་སྐྱོན་ཅན་གྱིས་བསླས་པའི་ཁུག་མ་ཡིན་པ།
ཞིང་ཞོར་ཐོན་རྫས།

འདི་ནི་ལྷུན་གྲུབ་རྫོང་གི་ཡུལ་ཟོག་རྭ་སྒྲེང་སྐྱེ་ལྡན་རྩམ་པ་ཡིན་པ།

འདི་ནི་ལྷུན་གྲུབ་རྫོང་གི་ཡུལ་ཟོག་མཁར་གདོང་ཞོག་ཁོག་ཡིན་པ།

འདི་ནི་ལྷུན་གྲུབ་རྫོང་གི་ཡུལ་ཟོག་ནས་ཆང་དང་ཆུ་འཐག་རྩམ་པ་ཡིན་པ།

འདི་ནི་ལྷུན་གྲུབ་རྫོང་གི་ཡུལ་ཟོག་ནས་ཡོས་ཡིན་པ།

འདི་ནི་གྲོང་མི་ཞིག་གིས་ལོ་གསར་གྱི་མཁོ་ཆས་ཚོང་འདུས་ནས་མར་ཉོ་བཞིན་པ།
དམངས་སྲོལ་འཁྲབ་སྟོན།

འདི་ནི་ལོ་གསར་མཁོ་ཆས་ཚོང་འདུས་ལ་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་རྒན་རྒོན་མོ་ཐྲོལ་གྱིས་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།
དགུན་གྱི་རྫོང་རྒྱབ་ཀླུ་ཁང་དུ་ལྒང་བཞུ་དམར་པོ་ལུ་གུ་རྒྱུད་དུ་བཏགས་པ་དང་། རྒྱ་བོད་ཤན་སྦྱར་གྱི་འཕྲེད་འགེལ་ཡི་གེ་རླུང་གིས་ལྷབ་ལྷུབ་ཏུ་གཡོ་ལ། ནས་ཆང་གི་ཞིམ་མངར་དང་། ཇ་སྲུབ་མའི་དྲི་ཞིམ། སྤོས་ཀྱི་དྲི་བཟང་བཅས་ངང་གིས་འཐུལ་བ་ལས་ལོ་གསར་གྱི་རྣམ་པ་ཟབ་མོ་ཞིག་ཚོར་འོང་། དེ་ནི་ལྷུན་གྲུབ་རྫོང་གི་ལོ་གསར་མཁོ་ཆས་ཚོང་འདུས་སྐབས་དང་པོ་ལྷ་སར་འཆར་ཅན་བཞིན་གཉེར་འགོ་ཚུགས་ནས་ས་མཐོའི་ཞིང་ཟོག་ཐོན་རྫས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བསམ་བཀོད་ཐོན་རྫས། རྩེར་སོན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་སྣ་ཚོགས་བཤམས་པའི་གནས་ཚུལ་རེད།
ཚོང་འདུས་འགོ་ཚུགས་མ་ཐག་ཁྲོམ་བཀྱག་སོ་སོར་མི་ཚོགས་ཀྱི་འདུ་ལོང་འཁྲུགས་ཤིང་། ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཐོང་སྨོན་གྲོང་ཚོའི་ཆུ་འཐག་རྩམ་པ་འཚོང་སའི་ཁྲོམ་བཀྱག་གི་མདུན་དུ་མི་ཚོགས་སྟུག་པོས་ཁེངས་ཤིང་། ཉོ་མཁན་གྱི་འདོད་པར་གཞིགས་ནས་རྩམ་པར་རྩིང་ཞིབ་ཀྱི་ཁྱད་པར་ཕྱེ་ཡོད་པ་དང་། རྩམ་པ་ཞིབ་པ་དེ་ཁ་ལ་འཇམ་པ་དང་། རྩིང་བ་དེ་ཟ་ཤེད་ཆེ་ལ་བྲོ་བ་ཆེན་པོ་ཡོད། ཁྲུང་ཁྲུང་སྐེ་ནག་གི་རི་མོས་བརྒྱན་པའི་རྩམ་ཁུག་ལྗང་ཁུ་ཞིག་ལས་སྦྲང་དཀར་རྩམ་པའི་དྲི་ཞིམ་ངང་གིས་འཐུལ་འོང་། ཉེ་འགྲམ་དུ་སྒྲིག་གཤོམ་བྱས་པའི་ནས་ཆང་ལས་དྲི་མ་མངར་སིལ་སིལ་འཐུལ་འོང་བ་ནི་བོད་ཀྱི་དཀར་མོ་ནས་ལས་བསྙལ་བའི་ནས་ཆང་གར་སླ་རན་པོ་ཞིག་ཡིན་པས། གྲོང་མི་མི་ཉུང་བའི་དུས་ཆེན་སྐབས་ཀྱི་ལག་རྟགས་ཡག་པོ་ཞིག་ཏུ་གྱུར་ཡོད། ཚགས་ཤ་སྐམ་པོའི་ཁྲོམ་བཀྱག་ངོས་སུ་ཕྲ་སྦོམ་རན་པའི་ཤ་ལྕུག་མང་པོ་བཀལ་ཡོད་པ་དང་། ཚགས་ཤར་སུར་པན་ཉུང་ཤས་བསྲེས་ནས་མཆོད་ཚེ་བྲོ་བ་ཧ་ཅང་ཆེ་བས། ལོ་གསར་ལ་མེད་དུ་མི་རུང་བའི་ཞལ་ཟས་ཤིག་རེད། ཐུམ་སྒྲིལ་སྤུས་ལེགས་ནང་བླུགས་པའི་ཅིན་འབྲས་ནི་མདོག་ཁ་ལེགས་ཤིང་རྡོག་པོ་ཆེ་བས་འབྲུ་རིགས་སྤུས་ལེགས་ཤིག་ཡིན་པ་མངོན་གྱི་ཡོད། མཚོ་སྟོད་ཤང་མཁར་གདོང་གྲོང་ཚོའི་ཞོག་ཁོག་ཀྱང་ཀུན་གྱིས་ཧབ་ཐོབ་བརྒྱབ་ནས་ཉོ་བཞིན་ཡོད། ཞོག་ཁོག་དེ“ས་མཐོའི་གནང་སྦྱིན། ལྷན་སྐྱེས་བྲོ་ཞིམ”ཞེས་བྲིས་པའི་ལག་རྟགས་སྒམ་ཆུང་ནང་བླུགས་ཡོད་པས། གྲོང་མི་མང་ཚོགས་ཀྱིས་ཐེངས་རེར་སྒམ་ཆུང་གཉིས་གསུམ་ཉོ་གི་ཡོད།
དབང་པོ་སྐྱོན་ཅན་གྱི་ལག་ཤེས་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་ཁྲོམ་བཀྱག་གིས་མི་མང་པོའི་ཡིད་དབང་འཕྲོགས་ནས་ལྟ་མཁན་གྱི་རྒྱུན་ཆད་རྒྱུ་མེད། བསླས་འཐག་དང་། བརྐོས་མའི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་མང་པོ་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་། འདོགས་ཆས་ལ་བཟོ་བཀོད་ལེགས་པའི་གཟི་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་བརྒྱན་པ་ལས་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་ཀྱི་ནང་དོན་ཟབ་མོ་མཚོན་པ་མ་ཟད། བོད་བཟོའི་འཇུར་རྟ་ཡུ་རིང་ལག་བཙེམས་མའི་གཞི་ལུག་ལྤགས་ལ་བཀྲག་ཆེ་བའི་ཚོན་མདོག་དམར་ནག་བསྡེབས་ཏེ་འཚེམ་དྲུབ་རི་མོས་བརྒྱན་པས་བོད་ལུགས་རི་མོའི་ཉམས་དོད་པའི་ཁར་ཞབས་ལ་དྲོ་ཞིང་བཟོ་ལྟ་མཛེས་པས་གྲོང་མི་མང་པོས་འཚང་ཁ་ཤིག་ཤིག་ངང་ཉོ་གི་ཡོད། ཉེ་འགྲམ་དུ་ཡོད་པའི་མངོན་མིན་རིག་གནས་བསམ་བཀོད་ཐོན་རྫས་ཁྲོམ་བཀྱག་ནི་ཀུན་གྱིས་ལྟ་རིན་ཡོད་པའི་གནས་ཤིག་ཏུ་གྱུར་ཞིང་། དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་རྟ་ལོ་བརྗོད་བྱར་བྱས་ནས་བཟོས་པའི་བེད་སྤྱོད་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་རྒྱ་བོད་ཡིག་རིགས་ཤན་སྦྱར་གྱི་ལོ་ཐོས་ཀུན་གྱི་ཡིད་དབང་འཕྲོག དེ་བས་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ནི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་བོད་རྒྱ་ཤན་སྦྱར་གྱི་ཆ་ཡིག་དང་གཞི་དམར་པོར་སྣག་ཚ་སེར་པོས་བྲིས་པའི་བོད་ཡིག་གི་ལོ་གསར་སྨོན་ཚིག་ནི་ཁྱིམ་ཚང་མི་ཉུང་བས་ལོ་གསར་ལ་ཁྱིམ་གྱི་གྱང་ལྡེབས་སུ་འགེལ་བྱེད་ཀྱི་གདམ་ག་དང་པོར་གྱུར་ཡོད།
ཚོང་འདུས་སུ་དམངས་སྲོལ་གླུ་གར་གྱི་སྙན་འཇེབས་འགྱུར་ཁུག་གཅིག་རྗེས་གཉིས་མཐུད་ངང་རྣ་བར་གྲགས་འོང་ཞིང་། ལྷུན་གྲུབ་རྫོང་དམངས་ཁྲོད་གཞས་ཆེན་ཚོགས་པའི་རུ་མིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞབས་བྲོའི་སྟངས་སྟབས་འཁྲུག་པོ་དང་ཆབས་ཅིག་སྐད་གསང་མཐོན་པོས་གཞས་ཆེན་ལེན་བཞིན་ཡོད་པ་དང་། ལྷ་མོའི་འཁྲབ་ཚན་དུམ་བུ་འཁྲབ་པས་དེར་ཡོད་ཚང་མས་བོད་ཀྱི་རིག་གནས་ཀྱི་ངོ་མཚར་ལ་ཉམས་ལེན་གཏིང་ཟབ་ཐུབ་ཡོད། དེའི་ཁྲོད་ནས་ཡིད་དབང་འཕྲོག་ཤོས་ཤིག་ནི་རྒན་རྒོན་མོ་ཐྲོལ་རུ་ཁག་གི་ཉམས་འགྱུར་ལྡན་པའི་འཁྲབ་སྟོན་དེ་ཡིན་ཞིང་། སྲོལ་རྒྱུན་གྱི་བོད་ཆས་གྱོན་པའི་རྒན་རྒོན་ཚོས་བློ་གཤོགས་ཡངས་པོ་དང་བཅོས་མིན་གྱི་འཛུམ་མདངས་ལ་བརྟེན་ནས་བོད་མི་རིགས་ཀྱི་རྒྱན་གོས་ཀྱི་མཚར་སྡུག་དང་ཚེ་མཇུག་འཚོ་བའི་ཉམས་སྣང་མངོན་པར་བྱས་པ་རེད། ད་ཐེངས་ཀྱི་ལོ་གསར་མཁོ་ཆས་ཚོང་འདུས་ནི་ལྷུན་གྲུབ་རྫོང་གིས་ནང་མཁོ་རྒྱ་སྐྱེད་དང་གདིང་ཤུགས་སྔོག་འདོན་གཏིང་ཟབ་ཀྱིས་ཞིང་ལས་དང་། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
ས་རུབ་མཚམས་སུ་ཐེངས་འདིའི་ཚོང་འདུས་ཀྱང་སྤྲོ་སྣང་ལྡན་པའི་དགོད་སྒྲའི་ཁྲོད་དུ་མཇུག་འགྲིལ་ཞིང་། ཚོང་འདུས་ལ་བཤམས་པའི་སྣ་བརྒྱའི་ཐོན་རྫས་དང་། ལག་ཤེས་པའི་སྙིང་སྟོབས། གྲོང་མི་མང་ཚོགས་ཀྱི་འཛུམ་མདངས་བཅས་ནི་གྲང་ངར་ཆེ་བའི་དགུན་ཁ་འདིའི་དྲོ་སྐྱིད་ལྡན་པའི་དྲན་འཆར་དུ་གྱུར་ཡོད་ལ། ལྷུན་གྲུབ་རྫོང་གི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་ཡང་ལོ་གསར་པའི་དགའ་སྟོན་དང་ལྷན་དུ་མི་ཉམས་ཡུན་དུ་གནས་ངེས་ལགས།
འབྲེལ་ཡོད་གསར་འགྱུར།