མངོན་མིན་རིག་གནས་ཤུལ་བཞག་གཡང་དུ་ཆགས། གངས་ལྗོངས་གནའ་གྲོང་གཏམ་རྒྱུད་ཡིད་ཀྱི་གསོས།
དངོས་མཚོན་ལྷུག་རྩོམ་ཕྱོགས་བསྡུས《ལྷ་སའི་བར་སྐོར་གནའ་གྲོང་གི་གཏམ་རྒྱུད》ལས་གངས་ལྗོངས་གནའ་གྲོང་གི་འཕོ་འགྱུར་ཕྱོགས་ཡོངས་ནས་མངོན་པ།

སྒོ་ར་རྙིང་པ་ནས་དགུང་ཨ་སྔོན་ལ་ལྟ་བ།

གོར་ཥ་རྙིང་པའི་སྒོ་ར་ཆེན་པོ།

བར་སྐོར་གནའ་གྲོང་གི་སྲང་ལམ།

མན་ཀེ་ཀེས་དེབ་གསར་པར་རང་ཉིད་ཀྱི་མིང་འབྲི་བཞིན་པ།

དེབ་གསར《ལྷ་སའི་བར་སྐོར་གནའ་གྲོང་གི་གཏམ་རྒྱུད》

མན་ཀེ་ཀེས་བོད་རིགས་དམངས་སྲོལ་རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱེད་བཞིན་པ།

གླིང་ཚང་སྒོ་ར་ཆེན་པོའི་བར་ཁྱམས་ཀྱི་ཟུར་ཞིག

ཟ་ཁང་མ་སྐྱེས་ཨ་མའི་རྣམ་པ།

བར་སྐོར་གྱི་ཟུར་ཞིག (པར་རིས་ཚང་མ་བཅར་འདྲི་དང་ལེན་བྱེད་མཁན་གྱིས་མཁོ་འདོན་བྱས)
བར་སྐོར་གནའ་གྲོང་གི་རིག་གནས་གྲུབ་ཆ་ཕྱོགས་ཡོངས་ནས་མངོན་པ་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་དང་རྩོམ་རིག་གི་ཡིད་དབང་འཕྲོག་ཤུགས་ལྡན་པའི་དངོས་མཚོན་ལྷུག་རྩོམ་ཕྱོགས་བསྡུས《ལྷ་སའི་བར་སྐོར་གནའ་གྲོང་གི་གཏམ་རྒྱུད》ཅེས་པ་2025ལོའི་ཟླ་8པར་དངོས་སུ་དཔར་སྐྲུན་བྱས་ཤིང་། དེ་ནི་ཀྲོང་རིགས་ཀྱི་རྩོམ་པ་པོ་དང་སྨྱན་སྦྱོར་པ་བསླབ་པ་རྒན་གྲས་མན་ཀེ་ཀེ(དངོས་མིང་ལ་མན་ཝུན་ཡན་ཟེར)ཡིས་ལོ་མང་རིང་གསར་རྩོམ་བྱས་པ་ཞིག་རེད།
“ལོ་22རིང་རྩོམ་སྒྲིག་དང་གསར་འགོད་པའི་ལས་ལ་འབད་པ་ཡིན། ཡི་གེའི་སྟོབས་ཤུགས་ལ་ནམ་ཡང་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད”ཅེས་མན་ཀེ་ཀེས་གསར་རྩོམ་གྱི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས་དེ་ལྟར་བཤད། རིག་གནས་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་འཐབ་ས་དང་པོའི་སྨྱན་སྦྱོར་པ་ཞིག་ཡིན་པའི་ཁོང་གིས་ལོ་མང་རིང་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་མི་ཡུལ་གྱི་བརྩེ་བ་མངོན་ཐབས་བྱས་པ་དང་། ལས་རིགས་འདིར་ལྷག་བསམ་གྱི་བརྩེ་བས་ཕྱུག་པས་ད་གཟོད་ཀློག་པ་པོ་རྣམས་ལ་སེམས་འགུལ་ཐེབས་ཀྱི་ཡོད་པ་ཁོང་གིས་གསལ་པོ་རྟོགས་ཡོད། 《ལྷ་སའི་བར་སྐོར་གནའ་གྲོང་གི་གཏམ་རྒྱུད》ཅེས་པ་དེ་དཔྱད་གཞི་འཚོལ་བསྡུ་ནས་དངོས་སུ་རྩོམ་འབྲི་བར་གྱི་ལྷུ་ཚིགས་ཚང་མར་གཟབ་ནན་དང་ཞིབ་ཚགས་ཡོང་གང་ཐུབ་བྱས་ཏེ། ཡིག་འབྲུ་ཁྲི་23གྱི་ཐོག་ནས་བར་སྐོར་གནའ་གྲོང་གི་ལོ་རྒྱུས་རང་བཞིན་དང་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།
དེབ་ནང་གི་ལོ་རྒྱུས་མི་སྣ་དང་མི་ཆོས་རིག་གནས་ཀྱི་དོན་དངོས་རང་བཞིན་དང་བློས་འགེལ་རང་བཞིན་འགན་ལེན་བྱེད་ཆེད། མན་ཀེ་ཀེས་ལོ་རྒྱུས་ཀྱི་ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་དཔྱད་གཞི་འབོར་ཆེན་ལ་ལྟ་ཀློག་བྱས་པ་མ་ཟད། དགེ་རྒན་ཆེ་མོ་བ་གྲགས་ཅན་དང་རིགས་གཅིག་མཁས་ཅན་མང་པོ་ཞིག་ལ་ཆེད་མངགས་བཅར་འདྲི་བྱས་ནས་རིག་གཞུང་གི་བསམ་འཆར་རྩ་ཆེན་བསྡུ་ལེན་བྱས་ཡོད། དམངས་སྲོལ་རིགས་གཅིག་མཁས་ཅན་སྐུ་ཞབས་བྱ་རིགས་པ་བློ་བཟང་རྣམ་རྒྱལ་ལ་བཅར་འདྲི་ཞུ་སྐབས་མན་ཀེ་ཀེས“རྒན་ལགས་ཀྱིས་གསུངས་པའི་གཏམ་རྒྱུད་དེ་དག་ཧ་ཅང་རྩ་ཆེན་པོ་རེད་འདུག ལོ་ཟླའི་ཁྲོད་ཟུམ་པའི་གཏམ་རྒྱུད་དེ་དག་གིས་སྒོ་ར་རྙིང་པ་ཆེན་པོ་56ལ་སླར་ཡང་བཀྲག་མདངས་བསྣན་ནས་མང་ཚོགས་ཀྱིས་ཤེས་ཐུབ་པ་བྱས་ཡོད”ཅེས་བཤད།
བར་སྐོར་གནའ་གྲོང་གི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པའི་བརྩམས་ཆོས་ཤིག་ཡིན་པའི་ངོས་ནས《ལྷ་སའི་བར་སྐོར་གནའ་གྲོང་གི་གཏམ་རྒྱུད》ལ་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། དེབ་ཧྲིལ་པོའི་ནང་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆར་གོ་རིམ་ལྡན་པའི་གསེད་བཀྲོལ་བྱས་ཏེ། ཐང་ག་དང་། ཇ། ལྷ་སའི་བྱ་འཕིར་སོགས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ལྟེ་བའི་ནང་དོན་གསལ་པོར་མངོན་ནས་ཀློག་པ་པོ་རྣམས་ཀྱིས་བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་ཚོར་བར་བྱས་ཡོད།
རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་བཟོ་སྐྲུན་གྱིས་དེབ་འདིའི་ནང་ལེ་ཚན་གལ་ཆེན་བཟུང་ཡོད། མན་ཀེ་ཀེས་བར་སྐོར་གནའ་གྲོང་གི་སྒོ་ར་རྙིང་པ་ཆེན་པོ་56ཁུངས་འཚོལ་ར་སྤྲོད་ཞིབ་ཕྲ་བྱས་ནས་སྒོ་ར་རེ་རེའི་འབྱུང་ཁུངས་དང་། གནས་ཡུལ། མཚོན་དོན། ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཅས་རེ་རེ་བཞིན་རྒྱས་བཤད་བྱས་ཡོད།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཟླ་བས“བར་སྐོར་འདི་ཉིད་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ལྷ་སའི་གནའ་གྲོང་ལྟེ་བའི་ཁུལ་དང་མཚོན་རྟགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་མཚོན་རྟགས་ལྡན་ཡོད། རྒན་མན་ཀེ་ཀེའི་བརྩམས་ཆོས་ཀྱིས་ལོ་རྒྱུས་ཀྱི་སྐྲུན་དངོས་རེ་རེ་དང་འདིར་འཚོ་བ་སྐྱེལ་བཞིན་པའི་མི་སྣ་རེ་རེ་བརྒྱུད། ས་མཐོའི་གནའ་གྲོང་དེའི་ལོ་རྒྱུས་ཀྱི་ཉམས་འགྱུར་དང་མི་ཆོས་རིག་གནས་གསོན་ཉམས་དོད་པོས་མངོན་འདུག”ཅེས་གདེང་འཇོག་བྱས་པ་རེད།
རྩོམ་ལུས་ཀྱི་ཐད་དཔེ་དེབ་དེས་དངོས་མཚོན་ལྷུག་རྩོམ་གྱི་རྣམ་པའི་ཐོག་ནས་བར་སྐོར་གྱི་ལོ་རྒྱུས་དང་། རིག་གནས། དེང་རབས་ཀྱི་འཚོ་བ་བཅས་རྒྱས་བཤད་བྱས་ཡོད། དེབ་དེའི་ནང་བབ་ཆགས་ཤིང་མི་སེམས་འགུལ་བའི་རྒྱུན་གཏན་གྱི་གཏམ་རྒྱུད་ཡོད་ལ། སྙན་འཇེབས་ལྡན་པའི་དོན་བརྗོད་རྩོམ་ཡིག་གི་ཉམས་འགྱུར་ཡང་ལྡན་ཡོད།
《ལྷ་སའི་བར་སྐོར་གནའ་གྲོང་གི་གཏམ་རྒྱུད》དཔར་སྐྲུན་བྱས་པ་དེས་བར་སྐོར་གནའ་གྲོང་གི་རིག་གནས་སྲུང་སྐྱོང་བྱེད་པར་ཡིག་ཚགས་རྩ་ཆེན་བཞག་པ་མ་ཟད། བོད་ཀྱི་རིག་གནས་ཁྱབ་སྤེལ་ཐད་སྦྲེལ་ཟམ་གལ་ཆེན་བསྐྲུན་ནས་མི་རིགས་ཁག་གི་རིག་གནས་སྤེལ་རེས་ཀྱི་གསོན་ཉམས་ལྡན་པའི་གཞི་རྟེན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།