མ་བཅོས་མཛེས་པའི་སྐྱེ་ཁམས། ཡིད་དབང་འཕྲོག་པའི་ཞིང་ཁམས།

འདི་ནི་མ་ཕམ་གཡུ་མཚོ་ཡིན་པ།

འདི་ནི་བྱང་ཐང་དུ་འབྲོག་ཕྲུག་གིས་ལུ་གུ་པང་དུ་བཏབ་བཞིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ་གྱི་ཤ་བ་སེར་ཆེན་ཡིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་རྦབ་ཆུ་ཡིན་པ།

འདི་ནི་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་མགོ་ཁྲ་ཡིན་པ།

འདི་ནི་མཚོ་བོད་ས་མཐོར་འཚོ་བཞིན་པའི་ས་མཐོའི་འཕྱི་བ་ཡིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་རང་སྐྱོང་ལྗོངས་རིམ་པའི་མཛེས་ལྗོངས་ཁུལ་གྱི་མདོག་གསུམ་མཚོ་ཡིན་པ།
ཞོགས་པའི་ཉི་གཞོན་འཛིན་མའི་ཁྱོན་ལ་འཕྲོས་མ་ཐག་བོད་ཀྱི་རང་བྱུང་གི་མཛེས་པ་སྐྱེ་བོའི་མིག་ལམ་དུ་གསལ་བར་མངོན། འཛམ་གླིང་གི་ཡང་རྩེ་ཞེས་སུ་གྲགས་པའི་ཡུལ་ལུང་འདིའི་མཛེས་ཤིང་ལྟ་ན་སྡུག་པའི་སྐྱེ་ཁམས་ཀྱི་མཛེས་ལྗོངས་ལས་འཛམ་གླིང་སྐྱེ་བོ་རྣམས་ལ་རང་བྱུང་ཁམས་ཀྱི་སྒེག་ཉམས་མངོན་པར་བྱེད།
ནམ་མཁའ་ནི། ཡུལ་གྲུ་འདིའི་ཆེས་མཛེས་ཤོས་ཀྱི་རང་མདངས་ཡིན། གནས་འདིའི་མཁའ་རླུང་དྭངས་ཤིང་གཙང་ལ། དྲོད་འཇམ་ཉི་འོད་ཕྱོགས་མེད་དུ་འཕྲོས་ཏེ། སྤྲིན་དཀར་ཚོམ་བུ་དག་ལ་གསེར་ཞུན་བྱུགས་པ་ལྟར་སྣང་། ཞོགས་པའི་མཚམས་སྤྲིན་དང་ས་སྲོས་ཀྱི་མཚམས་སྤྲིན་གང་ཡིན་ཡང་། སྣུམ་ཚོན་རི་མོ་བཞིན་ཡིད་དུ་འོང་།
མཚོ་དང་མཚེའུ་ནི། གནས་མཆོག་འདིའི་མིག་ཟུང་དྭངས་གསལ་ཡིན། དེ་དག་ལ་ལ་རྒྱ་ཆེ་ཞིང་ལ་ལ་ཆུང་། རེས་འགའ་གཏིང་ཟབ་ལ་རེས་འགའ་དེ་ལས་ལྡོག་ནའང་། དེ་དག་ཚང་མ་ནི་དྭངས་གཙང་མེ་ལོང་ལྟ་བུར་ནག་ནོག་དྲི་མ་མེད། མཚོ་དང་མཚེའུ་དག་ཉི་འོད་ཁྲོད་ཚོན་མདངས་སྣ་ལྔའི་གར་སྟབས་སྒྱུར། སྔོ་སྐྱ་ནས་སྔོ་ནག་དང་དེ་ནས་མར་གད་ལྟར་དུ་ལྗང་མདོག་མངོན་ཞིང་། ཧ་ལམ་ཚོན་རྩི་བྱུགས་པའི་རང་བྱུང་ཁམས་ཀྱི་རིན་ཆེན་ནོར་བུ་དང་འདྲ། མཚེའུའི་ངོགས་སུ་གྱ་གྱུའི་རླབས་གཉེར་གཡོ་བ་དང་། དེ་ནི་ཐག་རིང་གི་གངས་རིའི་རྒྱན་ཆ་ལྟ་བུ་བཞིན་མིག་ལ་མཛེས། སྐབས་རེར་རླུང་བུ་དལ་བུར་ལྡང་ཚེ་མཚོ་དང་མཚེའུའི་ངོས་སུ་རླབས་རིས་མངོན་པ་དང་སྣོད་བཅུད་ཀྱི་གཟུགས་བརྙན་ཡང་འོད་ཀྱི་གོང་བུར་འགྱུར། མཚོ་དང་མཚེའུ་དེ་དག་ནི་གངས་ཅན་བོད་ཀྱི་ཡུལ་ལྗོངས་ཡིན་ལ་ཡུལ་གྲུ་དེ་གའི་ཚེ་སྲོག་གི་འབྱུང་ཁུངས་ཀྱང་ཡིན་པས། ཉེ་འཁོར་གྱི་རྩྭ་ཐང་དང་། ནགས་ཚལ། དེ་བཞིན་སྲོག་ཆགས་རྣམས་དྭངས་གཙང་ཆབ་རྒྱུན་གྱི་འོ་ཞོས་སྐྱོང་བཞིན་ཡོད།
གདོད་མའི་ནགས་ཚལ་ནི། ཡུལ་ལུང་འདི་གའི་གསང་བ་ལྐོག་གྱུར་གྱི་རྩི་ཤིང་གི་ཞིང་ཁམས་ཡིན། མཐོ་ཞིང་བརྗིད་པའི་ལྗོན་ཤིང་དག་དགུང་སྔོན་དབྱིངས་སུ་ཟུག་པ་དང་། ཚང་ཚིང་ལོ་འདབ་སྟུག་པོར་གཡོགས་ནས་རང་བྱུང་
ཁམས་ཀྱི་ཉི་གདུགས་བཞིན་དུ་སྣང་། ནགས་གསེབ་ཏུ་ཉི་ཟེར་ལམ་ལམ་དུ་འཁྱུག་པ་མ་ཟད། གསོམ་ཤིང་དང་རི་སྐྱེས་མེ་ཏོག་གི་དྲི་བསུང་ཡང་ཆིལ་ཆིལ་དུ་འཐུལ། གནས་འདི་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དགའ་ཚལ་ཡིན་ལ། འདབ་ཆགས་སྣ་ཚོགས་ཀྱིས་ཡལ་གའི་རྩེ་རུ་ཀྱུར་ཀྱུར་གྲེ་འགྱུར་སྒྲོག་པ་དང་། སྲོག་ཆགས་ཆུང་ངུ་དག་ལྗོན་པའི་ཚལ་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་། ས་ཆ་གང་དུའང་ཚེ་སྲོག་གི་འགྱུར་ཁུགས་རྣམ་པར་མཆེད།
ཆབ་རོམ་འཁྱགས་ཀླུང་ནི། ཡུལ་གྲུ་འདིའི་མཛེས་སྡུག་གི་ངོ་མཚར་ལྟད་མོ་ཡིན་པ་དང་། དེ་དག་ནི་ས་གཞིའི་ཁྲག་རྩ་དང་འདྲ་བར་གངས་རིའི་རྩེ་ནས་ཀྱག་ཀྱོག་ཏུ་འབབ་པ་དང་། འོད་སྣང་ཆེམ་ཆེམ་དུ་འཚེར་ཞིང་འཕྲོ། ཆབ་རོམ་ཞུ་ནས་ཆུ་རྒྱུན་དུ་གྱུར་ཏེ་གངས་འདབས་ཀྱི་རྩྭ་ཐང་དང་མཚོ་མོའི་ཟུང་བཅུད་དུ་འགྱུར་བ་དང་། དེ་ནི་བོད་ཀྱི་སྐྱེ་ཁམས་མ་ལག་ཁྲོད་མེད་དུ་མི་རུང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་ཡིན། འཁྱགས་རོམ་ཞུ་བ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ལྟ་བའི་མེ་ལོང་ལྟ་བུའང་རེད།
རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ནི། ཡུལ་ལུང་འདི་གའི་ཡིད་དུ་འོང་བའི་སྙན་ངག་ཅིག་དང་འདྲ། ནམ་འཕང་གཅོད་པའི་ཐང་དཀར་རྒོད་པོ་ནས་བང་གིས་རྒྱུག་པའི་གཙོད་ཁྱུ། རྣམ་པར་བཞད་པའི་མེ་ཏོག་གངས་ལྷ་ནས་མགོ་ལྕོག་ལྡེམ་པའི་སྐལ་བཟང་མེ་ཏོག་སོགས་ཚེ་སྲོག་མཐའ་དག་གིས་ས་མཐོའི་ཡུལ་གྱི་གར་སྟེགས་སུ་སོ་སོའི་གཏམ་རྒྱུད་རྩོམ་བཞིན་ཡོད།
བོད་ཀྱི་དྭངས་གཙང་དང་མཛེས་སྡུག་ནི། སོ་སོའི་ཡུལ་ལྗོངས་ལ་རག་ལས་པ་མ་ཟད། དེ་བས་ཀྱང་རང་རང་གི་བླ་སྲོག་དང་འབྲེལ་ཡོད། ཡུལ་ལུང་འདི་གའི་སྣོད་བཅུད་མཐའ་དག་ལས་གདོད་མའི་སྟོབས་ཤུགས་མངོན་འོང་། དེ་ནི་སའི་གོ་ལའི་གླིང་སྣེ་གསུམ་པ་ཡིན་ལ་མིའི་རིགས་ཀྱི་དག་ཞིང་མཐའ་མ་དེ་ཡིན་པ་དང་། ང་ཚོའི་སེམས་གཏིང་གི་རྟག་བརྟན་གྱི་བློ་ཁ་ཕྱོགས་ས་དེ་བས་ཀྱང་ཡིན།
འབྲེལ་ཡོད་གསར་འགྱུར།