འཁལ་འཐག་ཐོན་རྫས་ལ་བརྟེན་ནས་བོད་ཀྱི་གཏམ་རྒྱུད་གླེང་བ།
ཚེ་རིང་ཆོས་སྒྲོན་གྱི་ལུག་ཆུང་འཁལ་འཐག་ཁང་གི་སྐོར་བཀོད་པ།

ཚེ་རིང་ཆོས་སྒྲོན་གྱིས་ལས་སྒྲུབ་ཁང་དུ་དྲས་རྒྱག་བཞིན་པ།

ཚེ་རིང་ཆོས་སྒྲོན(གཡོན་གྱི་ལྔ་པ)དང་ལུག་ཆུང་འཁལ་འཐག་ཁང་གི་འཐག་མ་ཁག་གཅིག་ཡིན་པ།

ལུག་ཆུང་འཁལ་འཐག་ཁང་གི་འཐག་མ་ཁག་གཅིག་ཡིན་པ།

འཐག་མ་ཚོས་ལུག་ཆུང་འཁལ་འཐག་ཁང་གི་ཐོན་རྫས་སྟོན་བཞིན་པ།

ལུག་ཆུང་འཁལ་འཐག་ཁང་གི་ཟུར་ཞིག

ལུག་ཆུང་འཁལ་འཐག་ཁང་གི་ཐོན་རྫས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁྲོམ་རར་འགྲེམས་སྟོན་བྱེད་བཞིན་པ།
བོད་ཀྱི་འཁལ་འཐག་ཐོན་རྫས་ལ་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། ས་མཐོའི་རྩི་ཤིང་སྤྱད་ནས་ཚོས་བརྒྱབ་པའི་ཐོན་རྫས་དེ་དག་ནི་རང་བྱུང་ཁམས་ཀྱིས་བསྩལ་བའི་ལག་རྟགས་ཤིག་ཡིན་ལ། སྒྲ་མེད་ཀྱི་ལོ་རྒྱུས་ཤིག་དེ་བས་ཀྱང་རེད།
ཚེ་རིང་ཆོས་སྒྲོན་ནི་ལག་རྩལ་འདིའི་དེང་རབས་ཀྱི་གསར་གཏོད་པའི་གྲས་ཤིག་རེད།
རྨོ་བོ་ལགས་ཀྱི་འཐག་ཁྲིའི་འགྲམ་དུ་འཚར་ལོངས་བྱུང་བའི་ཚེ་རིང་ཆོས་སྒྲོན་གྱིས་ཆུང་དུས་ནས་སྤུན་མདོག་འཁེལ་རྩལ་མིག་འདྲིས་རྣར་འཇགས་བྱུང་ཡོད་ལ། དུས་རྒྱུན་དུ་རྩྭ་རྩི་ཤིང་དང་འབྲེལ་འདྲིས་ཟབ་མོ་ཡོད། ལག་ཤེས་འདི་རྒྱུན་འཛིན་བྱེད་སྐབས། ཚེ་རིང་ཆོས་སྒྲོན་གྱིས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་ཙམ་མ་ཡིན་པར། ཁོང་གིས་ཇུས་འགོད་བྱས་པའི་ཐོན་རྫས་ལ་རྒྱུན་གཏན་གྱི་ཁ་དཀྲིས་དང་སྟོད་ལྷེ་སོགས་ཡོད་ལ། མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས་པའི་སྒྱུ་རྩལ་གྱི་འགེལ་རུམ་ཡང་ཡོད། རྩྭ་རྩི་ཤིང་བཏུས་ནས་ཚོས་རྒྱག་པའི་སྲོལ་རྒྱུན་སོར་འཇོག་བྱས་ཡོད་ལ། དེང་རབས་ཀྱི་ཇུས་འགོད་བློ་གྲོས་ཀྱང་འདུས་ཡོད།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་གྲོང་ཚོ་ཆུང་ཆུང་ཞིག་ནས་པེ་ཅིང་དང་ཧྲང་ཧའེ་ཡི་འགྲེམས་ཁང་སྣ་ཚོགས་བར། ཚེ་རིང་ཆོས་སྒྲོན་དང་ཁོང་གི་ཚོགས་པས་བོད་ཀྱི་འཁལ་འཐག་ཐོན་རྫས་དེ་དག་ས་ཁམས་དང་རིག་གནས་ཀྱི་བཀག་རྒྱ་ལས་སྒྲོལ་ཐུབ་པར་བྱས་ཡོད། ཚེ་རིང་ཆོས་སྒྲོན་གྱིས་གསར་དུ་བཙུགས་པའི“ལུག་ཆུང”ནི་ཚོང་རྟགས་ཤིག་ཡིན་པ་མ་ཟད། སྐར་ཁུང་ཞིག་དེ་བས་ཀྱང་རེད། “ལུག་ཆུང”ཚོང་རྟགས་བརྒྱུད་འཛམ་གླིང་གིས་མཐོང་བ་ནི་མི་རབས་ནས་མི་རབས་བར་ཉམས་པ་མེད་པ་དང་སྔར་བཞིན་དཔལ་འབར་བའི་རིག་གནས་ཀྱི་སྐྱེ་སྟོབས་དེ་རེད།
ཐབ་ཁ་ནས་འཐག་ཁྲིའི་བར། རང་བྱུང་ཚོན་མདོག་གིས་བརྒྱན་པའི་ངོ་མཚར་ཆེ་བའི་མི་ཚེ།
ཚེ་རིང་ཆོས་སྒྲོན་ནི་དེ་སྔ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་ཁྱིམ་ཚང་ཕལ་པ་ཞིག་གི་ཁྱིམ་འཛིན་མ་ཡིན་ཞིང་། ཉེ་འགྲམ་གྱི་བུད་མེད་གཞན་དག་དང་འདྲ་བར། ཁོ་མོའི་འཚོ་བའི་ནང་བྱིས་པའི་སྐད་སྒྲ་དང་། ནས་ཞིང་གི་སྐྱེ་འཚར། ནོར་ལུག་གི་རྐང་རྗེས་ཀྱིས་ཁེངས་ནས་འཚོ་བ་ཆེས་སྤྱིར་བཏང་ཞིག་ཡིན་ནའང་བདེ་སྐྱིད་དང་ལྡན།
2013ལོར། ཚེ་རིང་ཆོས་སྒྲོན་གྱིས་ཚོད་ལྟའི་གོམ་པ་དང་པོ་སྤོས་ཏེ་ཐའོ་པའོ་ཚོང་ཁང་ཞིག་བཙུགས་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་འཚོང་འགོ་བཙུགས། 2019ལོར། ཁོང་གི་སྣེ་ཁྲིད་འོག་བུད་མེད་ཀྱི་འཁལ་འཐག་ཚོགས་པ་ཞིག་བཙུགས་པ་དང་། 2021ལོར། ཁོང“རྩི་ཤིང་གི་ཚོས་རྒྱག་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར”བདམས་པ་མ་ཟད། ལྷོ་ཁ་ཡིད་འོང་ཚོང་དོན་ཚད་ཡོད་ཀུང་སི་ཡང་བཙུགས།
ཀུང་སི་བཙུགས་རྗེས། ཁོང་གིས་གྲོང་ཚོའི་བུད་མེད་གཞན་དག་གདན་དྲངས་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གྱི་འགྲན་རྩོད་ནུས་པ་གཙོ་བོར་བྱེད་པའི་རའི་ཁུ་ལུའི་ཐོན་རྫས་འཁལ་འཐག་ཚོགས་པ་བཙུགས་པ་དང་འབྲེལ། “ལུག་ཆུང”ཚོང་རྟགས་དངོས་སུ་ཐོ་འགོད་བྱས་ནས་སྔོན་ཆད་ཀྱི་བཟོ་ཁང་ཆུང་ཆུང་དེ་ལྗོངས་ཕྱི་ནང་དུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་ཁེ་ལས་སུ་འཕེལ་རྒྱས་བཏང་ཡོད། ད་ཆ་ཚེ་རིང་ཆོས་སྒྲོན་གྱིས་བཙུགས་པའི“ལུག་ཆུང”རིག་གནས་བསམ་བཀོད་ཚོང་ཁང་དེ་མཚོ་སྨད་རྫོང་བཀྲ་ཤིས་མཆོད་རྟེན་གྲོང་ཚོའི་བཀྲག་མདངས་འཚེར་ཤོས་ཀྱི་ཡུལ་ལྗོངས་སུ་གྱུར་ཡོད།
ཚེ་རིང་ཆོས་སྒྲོན་གྱི་འཁལ་འཐག་ཐོན་རྫས་ལ་ཕ་ཡུལ་གྱི་ཁྱད་ཆོས་ཟབ་མོ་ཡོད་ཅིང་། ཕ་ཡུལ་གྱི་རི་ཆུ་ཀླུང་གསུམ་ནི་ཁོ་མོའི་ཚོར་འདུའི་འབྱུང་ཁུངས་ཡིན་པ་དང་། ཕ་ཡུལ་གྱི་རྩྭ་རྩི་ཤིང་ཡོད་དོ་ཅོག་གིས་ཁོ་མོར་ཐུན་མོང་མ་ཡིན་པའི་ཚོན་མདོག་གི་བློ་སྒོ་ཕྱེ་ཡོད།
བོད་རིགས་བུད་མེད་28ཀྱིས་སེམས་ཤུགས་ཆེན་པོས་ཕུགས་འདུན་དོན་གཉེར་བྱེད་པ།
ཞོགས་པའི་དྲོ་འཇམ་ཉི་འོད་འཐག་ཁང་གི་སྒེའུ་ཁུང་བརྒྱུད། རྒན་མོ་ཚེ་རིང་སྒྲོལ་མའི་སྒྲོམ་བུ་བཟུང་བའི་སོར་རྩེར་རབ་ཏུ་འཕྲོས། ཚེ་རིང་སྒྲོལ་མའི་འཐག་རྩལ་ནི་ལོ་བཅུ་ཕྲག་ཁ་ཤས་རིང་འཁལ་འཐག་ལས་ལ་སྦྱངས་པ་མཐར་ཕྱིན་བྱས་པའི་འབྲས་བུ་རེད། ད་ཆ་ལོ་76ལ་སླེབས་པའི་ཁོང་གིས་འཁལ་འཐག་ཁང་དུ་དགེ་རྒན་བྱས་ནས་རང་ཉིད་ཀྱི་མི་ཚེ་གང་པོར་སྦྱངས་པའི་ལག་ཤེས་བུམ་པ་གང་བྱོའི་ཚུལ་དུ་གཞོན་སྐྱེས་ཚོར་སློབ་ཀྱི་ཡོད། “ན་སོ་རྒས་ཀྱང་རང་ཁྱིམ་གྱི་སྒོ་རྩ་ནས་གླ་ཆ་ལེན་རྒྱུ་ཡོང་སྙམ་པ་རྨི་ལམ་ལའང་གཏོང་མྱོང་མེད” འཁལ་འཐག་ཁང་དུ་སླེབས་པ་ནས་བཟུང་རྒན་མོ་ཁོང་གི་ངོ་གདོང་ནས་དགའ་བའི་འཛུམ་མདངས་ཡལ་མྱོང་མེད།
ཚེ་རིང་སྒྲོལ་མ་དང་འདྲ་བར། ད་དུང་ཟླ་བ་དབང་མོ་དང་ཆོས་འཛོམས་ཀྱིས་ཀྱང་དེ་སྔོན་ཡུར་མ་རྒྱག་པ་དང་། འོ་མ་འཇོ་བ། ཇ་བཟོ་བའི་ལག་གཉིས་ཀྱིས་འཁལ་འཐག་སྐུད་པ་དམ་པོར་བཟུང་ལ། རང་འགོ་རང་ཐོན་གྱི་མི་ཚེའི་ལམ་བུ་རྡོག་པས་མནན། “ཉིན་གླ་སྒོར་70ནས་150བར་འདུག”ཅེས་པ་དེ་ནི་མིག་མཐོང་ལག་ཟིན་གྱི་གདེང་སྤོབས་ཤིག་རེད་ལ། “རང་ཉིད་ཀྱིས་བསགས་པའི་དངུལ་ནས་བུ་ཕྲུག་ལ་སློབ་ཆས་ཉོ་བ་དང་སློབ་ཡོན་སྤྲོད་ཀྱི་ཡོད”ཅེས་པ་དེ་ནི་ཅི་འཕྲོས་མོལ་འཕྲོས་ཁྲོད་ནས་མངོན་པའི་སྤོབས་པ་དང་བག་ཕེབས་ཤིག་དེ་བས་ཀྱང་རེད།
དེ་ནི་སོར་རྩེ་ལས་འཁྲུངས་པའི་ལག་ཤེས་ཤིག་རེད་ལ། ལོ་ཟླའི་བར་ཆོད་པའི་རིག་གནས་ཀྱི་རྒྱུན་མཐུད་ཅིག་དང་། བོད་རིགས་བུད་མེད་ཚོས་བདེ་ལྕག་འཁྱུག་པའི་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱས་པའི་ངོ་མཚར་ཞིག་དེ་བས་ཀྱང་རེད། ད་ཆ་ཀུང་སིས་བུད་མེད་28ཡུན་རིང་ལས་ཀར་བཅུག་པར་མི་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་38000ཟིན་གྱི་ཡོད་པ་དང་། ཀུང་སིས་ད་དུང་བུད་མེད་8ལ་ཡིག་ཚགས་དང་གཱ་བཟོས་ནས་ཡོང་འབབ་བརྟན་པོ་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག ས་གནས་དེ་གའི་བལ་དང་རའི་ཁུ་ལུ་ཉོ་སྐབས་ཁྲོམ་རའི་རིན་གོང་ལས་མཐོ་བ་སྤྲད་དེ་ཡུལ་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་འབབ་འཕར་ཡོང་བར་བྱས་ཡོད།
ས་མཐོ་ནས་ཕྱིར་འཚོང་བྱས་པ། རས་དར་ངོས་སུ་བཀོད་པའི་བོད་ཀྱི་ཉིན་ཐོ།
ཚེ་རིང་ཆོས་སྒྲོན་གྱིས་འཐག་མ་ཚོའི་ལག་ལས་ཐོན་པའི་འཁལ་འཐག་ཐོན་རྫས་སྣ་ཚོགས་འཁྱེར་ཏེ་ས་མཐོའི་གྲོང་ཚོ་ཆུང་ཆུང་ནས་ཆིང་ཧྭ་མཛེས་རྩལ་སློབ་གླིང་གི་འགྲེམས་ཁང་དང་ཧྲང་ཧའེ་སུང་ཅང་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས་ཡོད།
ཧྲང་ཧའེ་ཡི་བསམ་བཀོད་ཚོང་འདུས་ཐོག་གཞོན་སྐྱེས་མང་པོ་ཞིག་ཁོང་གི་ཁྲོམ་བཀྱག་ཡོད་སར་བསྡད་དེ། འཇམ་ཤ་དོད་པའི་ཁ་དཀྲིས་དང་། འགེལ་རུམ། སྟོད་ལྷེ་བཅས་ལ་ལག་པས་རེག་སྐབས། གློ་བུར་དུ་དེ་དག་གི་གསེབ་ནས་གངས་ལྗོངས་ཀྱི་བསིལ་རླུང་དལ་གྱིས་ལྡང་བ་དང་དབྱེར་མ་མཆིས་པར་ཧ་ཅང་བག་ཕེབས་ཀྱི་སྣང་བ་ཞིག་སྦྱིན་ལ། ཡང་ས་མཐོའི་འབྲས་ལྡན་དུས་ཀྱི་དྲི་བསུང་ཕྱོགས་བཅུར་འཐུལ་བ་དང་གཉིས་སུ་མ་མཆིས་པར་སེམས་ལྷོད་ལྷོད་ཀྱི་ཚོར་སྣང་ཞིག་བྱུང་།
“གངས་རི་ལས་འཁྲུངས་པའི་ངོ་མཚར་གྱི་ཕྱག་རྟགས་གུ་རུ་བླ་མཚོ་ནི་འཁྱིལ་མཚོ་ཞིག་ཡིན་ཞིང་། བར་སྣང་ནས་བལྟས་ཚེ། སྙིང་གཟུགས་མཚོ་སྔོན་པོ་ཞིག་དང་འདྲ་བས། དེ་ནི་རང་བྱུང་ཁམས་ཀྱིས་ང་ཚོར་བསྩལ་བའི་འཆར་ཡན་ཞིག་རེད”
“ཚོས་ནི་ཁྱིམ་གྱི་ཉེ་འགྲམ་གྱི་རྩྭ་རྩི་ཤིང་སྤྱད་དེ་བརྒྱབ་པ་ཤ་སྟག་རེད”
“ཚོས་གཞི་འདི་ངས་ཕ་ཡུལ་གྱི་ལྗང་པ་སྤྱད་ནས་ཚོས་བརྒྱབ་པ་ཞིག་ཡིན”
“ངའི་ཕ་ཡུལ་ནི་བོད་ཀྱི་ཤེས་རིག་གི་འབྱུང་གནས་ཡིན། དེ་གར་བོད་ཀྱི་ཞིང་ཁ་དང་པོ་དང་། དགོན་པ་དང་པོ། མཁར་དང་པོ་སོགས་ཡོད”
ཚེ་རིང་ཆོས་སྒྲོན་གྱི་གཏམ་གླེང་ལས་ཤེས་རྟོགས་བྱུང་བར། འགྲེམས་སྟེགས་ཐོག་བཤམས་པ་དེ་དག་ཚོང་ཟོག་ཁོ་ན་མ་ཡིན་པར། གསོན་ཤུགས་ཀྱིས་རྒྱས་པའི་བོད་ཀྱི་ལོ་རྒྱུས་དང་དྲག་ཏུ་ལྡིང་བའི་ཞིང་ཁའི་འཕར་རྩ་ཡིན་ཞིང་། ནམ་ཡང་གསོན་ཉམས་དོད་པ་དང་། ནུས་ཤུགས་དང་ལྡན་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡོད།
འཐག་ཁང་ཆུང་ཆུང་ནས་མིང་གྲགས་ཅུང་ཟད་ལྡན་པའི་སྤུས་རྟགས་བར། ཚེ་རིང་ཆོས་སྒྲོན་དང་ཁོང་གི་ལས་རོགས་ཚོའི་ལག་ནང་གི་བལ་སྐུད་དེ་དག་སྔ་ས་ནས་དངོས་པོའི་ཚད་བཀག་ལས་བརྒལ་ཏེ་ས་མཐོའི་ས་གཞི་ཡངས་པོར་འཕྲོས་པའི་དྲོ་འཇམ་ཉི་འོད་དང་། གངས་རིའི་སྤོ་ན་མཐོན་པོར་སྤུངས་པའི་ཁ་བ། ཞིང་ནང་ནས་མྱུ་གུ་འབུས་པའི་ལྗང་པ། ཡར་འབྲོག་གཡུ་མཚོའི་ངོགས་སུ་འཐོར་བའི་རླབས་ཕྲེང་བཅས་སུ་གྱུར་དང་འགྱུར་བཞིན་ཡོད།
ཁོང་ཚོས་བཏགས་པའི《ཧི་མ་ལ་ཡ》དང《ཡར་ལྷ་ཤམ་པོའི་དཔྱིད་ཀ》སོགས་ནི་འཁལ་འཐག་ཐོན་རྫས་སྤྱིར་བཏང་ཞིག་མ་ཡིན་པར། ས་ཆ་དེ་ལས་འཁྲུངས་པའི་གནའ་བོའི་དྲན་འཆར་ཙམ་མ་ཟད། བོད་རིགས་བུད་མེད་ཚོའི་སེམས་གཏིང་གི་དགའ་ཞེན་དང་ཡུན་རིང་གི་ཕུགས་འདུན་ཞིག་དེ་བས་ཀྱང་རེད། ཁོང་ཚོའི་ལག་ཟུང་གི་སྒྱུ་རྩལ་ལས་ཚོས་གཞི་འདྲ་མིན་སྣ་ཚོགས་ཀྱི་འཁལ་འཐག་ཐོན་རྫས་མང་པོ་ཐོན་ཡོད་ལ། འཁལ་འཐག་ཐོན་རྫས་དེ་དག་ཡོད་པས་བོད་ཀྱི་གཏམ་རྒྱུད་མི་དེ་བས་མང་བའི་དྲན་པའི་ངོས་སུ་འཐིམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།