སྤོས་སྦྱོར་ལག་ཤེས་རྒྱུན་འཛིན་བཟང་། རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ།
“སྙེ་མོའི་གྲོག་རོང་ཆེན་པོ། ཐོན་པ་སྤོས་ཀྱི་འབྱུང་ཁུངས”ཞེས་པའི་སྤོས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་ཟུར་བྲིས།
འདི་ནི་སྤོས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ས་གཞི་ཆེ་མོར་བསྟོད་གླུ་འབུལ་བའི་གྲོང་ཚོའི་མཚན་ཚོགས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་བྱེད་པ།
འདི་ནི་ལྷ་མོ《བཀྲ་ཤིས་ཞོལ་པ》འཁྲབ་བཞིན་པ།
འདི་ནི་ཡུལ་སྐོར་བས་སྤོས་ཉོ་བཞིན་པ།
འདི་ནི་སྤོས་བཟོའི་ལག་ཤེས་པས་སྤོས་བཟོ་བཞིན་པ།
འདི་ནི་ལོ་མན་རོལ་ཚོགས་ཀྱིས་གློག་གི་ཨོག་ལེན་དཀྲོལ་བཞིན་པ།
འདི་ནི་དམངས་སྲོལ་སྐོར་སྐྱོད་བྱེད་བཞིན་པ།
འདི་ནི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལ་བོད་ཡིག་ཡིག་གཟུགས་སྟོན་བཞིན་པ།
འདི་ནི་སྤོས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་སྤོས་སྤོར་བཞིན་པ།
སྙེ་མོ་ནི་བོད་ཡིག་དང་བདུག་སྤོས་ཀྱི་རིག་གནས་གསར་དུ་གཏོད་མཁན་ཐོན་མི·སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་པ་མ་ཟད། ད་དུང“དབྱངས་གསལ་སོ་བཞིའི་ཕ་ས། བདུག་སྤོས་རིག་གནས་ཀྱི་འབྱུང་ཁུངས”ཞེས་པའི་མཚན་སྙན་ཡང་ཡོད། འདི་ག་ནས་ཐོན་པའི་སྤོས་ལ“གངས་ལྗོངས་ཀྱི་སྤོས་མཆོག”ཅེས་བརྗོད་ཀྱི་ཡོད།
གཞན་ཡང་། སྙེ་མོར་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོཌ་པོ་ཡོད་པ་མ་ཟད། དངོས་པོའི་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་ཀྱང་མང་པོ་ཡོད། གནས་དེར་ཐོན་མི·སམ་བྷོ་ཊ་དང་ཇོ་མོ་གངས་དཀར་སོགས་མི་སྣ་དང་གནས་རི་གྲགས་ཅན་ཡོད་པ་མ་ཟད། “མཆོག་ནོར་གསུམ་དང་ལག་རྩལ་བདུན”དང་། “ལྷ་སའི་ལག་ཤེས་བཟོ་ཁང” “ཤེས་རིག་གི་དྲི་བསུང་འཐུལ་བའི་ཕ་ས”སོགས་ཀྱི་མཚན་སྙན་ཡང་མངའ་བས་ས་གནས་ཁག་གི་མ་རྩ་འཇོག་མཁན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་གི་ཡོད།
མངོན་མིན་རིག་གནས་ཤུལ་བཞག་དང་། ཡུལ་སྐོར། ཐོན་ལས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་ཆེད། གཅིག་སྡུད་གན་འཇོག་མཛད་སྒོར་བོད་ལྗོངས་ཨའེ་གཡོད་ཧྥུའུ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་དང་། བཟའ་བཅའི་འཁོར་འབྲེལ“ཧྲི་ཅ་ཀྲོང”སྤུས་རྟགས་དོ་དམ་ཚད་ཡོད་ཀུང་སི། བོད་ལྗོངས་ཀྲི་ཅང་ཉ་ལས་གསོ་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་ཏ་ཧོ་འཕྱོ་གཡེང་ལུས་རྩལ་ཡུལ་སྐོར་ཚད་ཡོད་ཀུང་སི་བཅས་ཁེ་ལས་བཞི་དང་སྙེ་མོ་རྫོང་སྲིད་གཞུང་དབར་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། གྲོས་མཐུན་བཞག་པའི་མ་རྩ་བསྡོམས་འབོར་སྒོར་ཁྲི་5500ཟིན་ཡོད།
“སྤོས་ཀྱི་རིག་གནས་དུས་ཆེན་སྐབས་བཞི་པ་གཉེར་བའི་དམིགས་ཡུལ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། སྙེ་མོའི་ལོ་རྒྱུས་བརྗོད་པ། བདུག་སྤོས་ཀྱི་དྲི་བསུང་འཐུལ་བ། ཡིད་དུ་འོང་བའི་མཛེས་ལྗོངས་མངོན་པ། སྙེ་མོའི་རིག་གནས་སྤུས་རྟགས་ཧུར་ཐག་གཏོད་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྙེ་མོ་གསར་པ་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཆེད་ཡིན། སྙེ་མོར་སྨི་ངོས་གྲུ་ཁྲི་ཡི་ཚད་ལྡན་ཅན་གྱི་བཟོ་གྲྭ་དང་། ཏུན་སྟོང་རིམ་པའི་ཟོག་འཇོག་གྲང་ཕྲེང་མཛོད། སྒྲིག་བཀོད་འཐུས་སྒོ་ཚང་བའི་ཐོན་མིའི་དེང་རབས་ཞིང་ལས་གླིང་བཅས་ཡོད་པས་སྙེ་མོར་གཞི་ཚུགས་ཚེ། འཕེལ་རྒྱས་ཀྱི་གོ་སྐབས་རྙེད་ངེས་ཡིན་པས། མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་དུས་རབས་གསར་པར་མཉམ་དུ་འབད་འཐབ་མདུན་སྐྱོད་བྱེད་ཐུབ”ཅེས་སྙེ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཐེ་ལིང་གིས་བརྗོད།
སྙེ་མོའི་སྤོས་ནི་རིག་གནས་ཤུལ་བཞག་ཡིན་པ་མ་ཟད། དམངས་ཕྱུག་ཐོན་ལས་གལ་ཆེན་ཞིག་དེ་བས་ཀྱང་རེད། ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ས་གནས་དེ་གའི་རང་བྱུང་ཐོན་ཁུངས་དང་ཐོན་ལས་ཀྱི་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་སྤོས་ཀྱི་རིག་གནས་ཐོན་ལས་རྫོང་དར་དམངས་ཕྱུག་གི་ལེགས་ཆའི་སྤུས་རྟགས་སུ་བརྩིས་ནས་དམ་འཛིན་བྱས་ཤིང་། “123”(“1” མངོན་མིན་རིག་གནས་ཤུལ་བཞག“སྤོས་ཀྱི་རིག་གནས”རྒྱུན་འཛིན་ཡག་པོ་བྱེད་པ་དང་། “2”ཐོན་པའི་ལག་བཟོས་སྤོས་སྦྱོར་ལྟེ་གནས་དང་རྫོང་གྲོང་སྤོས་ཀྱི་ཐོན་ལས་གླིང་དེང་རབས་ཐོན་སྐྱེད་ལྟེ་གནས་སྐྲུན་པ། “3”ཐོན་རྫས་མ་ལག་དང་། སྤུས་རྟགས་མ་ལག ཁྲོམ་རའི་མ་ལག་བཅས་མ་ལག་གསུམ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་བཅས)གྱི་བདུག་སྤོས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་དང་ཕྱོགས་བཞི་གཞི་གཅིག”གི(ལག་བཟོས་བདུག་སྤོས་ཐོན་སྐྱེད་ལྟེ་གནས་དང་། བདུག་སྤོས་ཞིབ་སྤེལ་ལྟེ་གནས། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྤེལ་ལྟེ་གནས། སྤོས་ཀྱི་དེང་རབས་ཐོན་ལས་གླིང)བདུག་སྤོས་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་། “ཕྱོགས་བཞི་གཞི་གཅིག”གི་སྐུལ་ཁྲིད་ལམ་སྲོལ་བཏོན་ནས། སྙེ་མོ་རྫོང་གི་བདུག་སྤོས་རིག་གནས་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་མུ་མཐུད་བཏང་སྟེ་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད།
མིག་སྔར། སྙེ་མོ་རྫོང་དུ་བདུག་སྤོས་ལག་བཟོའི་དུད་ཚང་189དང་། སྤོས་ཀྱི་མཉམ་ལས་ཁང་4 སྤོས་ཀྱི་ཁེ་ལས་2(སྒེར་གཉེར) སྤོས་ཀྱི་ཐོན་ལས་གླིང་1བཅས་ཡོད། 2024ལོར་རྫོང་ཡོངས་ཀྱི་སྤོས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་4432.5ཟིན་པ་དང་། 2025ལོར་ཟླ་7པ་བར་སྤོས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་2757.42ཟིན་ཡོད། གྲངས་ཀ་དེ་དག་བརྒྱུད་ནས་ང་ཚོས་ཞིང་འབྲོག་པ་དེ་བས་མང་བ་སྤོས་ཀྱི་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་བའི་གཏམ་རྒྱུད་གོ་ཐུབ།
འབྲེལ་ཡོད་གསར་འགྱུར།