དབུ་ཤོག>པར་མཛོད།
  • “དུས་ཆེན་གཉིས”རིང་ལྷ་སའི་ཁྲོམ་རར་དངོས་ཟོག་འབེལ་ལ་རིན་གོང་བརྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་དང་བསྟུན་ནས་རང་ལྗོངས་ཀྱི་ས་གནས་ཁག་གི་འཛད་སྤྱོད་ཁྲོམ་རར་ཉོ་ཚོང་གཉིས་དར་གྱི་དགའ་འོས་པའི་རྣམ་པ་མངོན་ཞིང་། འདི་ནི་ལྷ་སའི་གྲོང་མི་མང་ཚོགས་ཀྱིས་སྒོ་རྩིས་ཚོང་ཁང་དུ་ཚལ་ཉོ་བཞིན་པ།

    ཟླ་10ཚེས་1ཉིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་གཡག་རྒྱུག་ཐང་དུ་ཐུན་མིན་ཁྱད་ཆོས་ལྡན་པའི་གཡག་རྒྱུག་འགྲན་བསྡུར་སྤེལ་ནས། ཡུལ་སྐོར་བ་དང་མང་ཚོགས་ལ་སྟོབས་ཤུགས་དང་མྱུར་ཚད་བསྡུར་བའི་ལྟད་མོ་བསྟན་ཞིང་། འདི་ནི་འགྲན་བསྡུར་ཚ་ཚ་འུར་འུར་དུ་སྤེལ་བཞིན་པ།

    རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། རང་ལྗོངས་ཀྱི་དཔེ་མཛོད་ཁང་ཆེ་གྲས་ཁག་རྒྱུན་གཏན་བཞིན་སྒོ་ཕྱེ་བས། སྐྱིད་སྣང་དོད་པའི་ཁོར་ཡུག་དང་སྣ་མང་ཕུན་སུམ་ཚོགས་པའི་དཔེ་དེབ་མང་པོས་གྲོང་མི་མང་པོ་སློབ་སྦྱོང་བྱེད་པར་ཡོང་བའི་ཡིད་དབང་བཀུག་པ་རེད། འདི་ནི་གྲོང་མི་མང་ཚོགས་ཀྱིས་ལྷ་ས་ལྟེ་བའི་དེབ་གྲོང་དུ་དཔེ་དེབ་ལྟ་བཞིན་པ།

    རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གསར་འགོད་པ་ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་དང་ཞིང་ཟོག་ཁྲོམ་ར་ཁག་གཅིག་ལ་བཅར་འདྲིར་སྐྱོད་སྐབས། ཁྲོམ་ར་ཆེ་གྲས་ཁག་ལ་ཚོང་ཟོག་ཡོང་ཁུངས་འདང་ངེས་དང་། སྣ་ཁ་ཕུན་སུམ་ཚོགས་པ། འབྲུ་སྣུམ་དང་ཤ་ཚལ་སྒོང་གསུམ་སོགས་དམངས་འཚོའི་ཚོང་ཟོག་གི་རིན་གོང་བརྟན་པ། མཚོ་ཟས་དང་ཆུའི་ཐོན་རྫས་སོགས་བྲིན་ཁ་རྒྱུག་པ་བཅས་ཡོད་པ་ལས། འབོར་ཚད་འདང་ངེས་དང་རིན་གོང་བརྟན་ཞིང་ཉོ་ཚོང་གཉིས་དར་གྱི་རྣམ་པ་བཟང་པོ་མངོན་བཞིན་འདུག

    “‘དུས་ཆེན་གཉིས’བསུ་ཆེད། ང་ཚོས་ཟླ་བ་གཅིག་གི་གོང་ནས་ཚོང་ཟོག་གྲ་སྒྲིག་བྱས་པ་ཡིན། ཚོང་ཟོག་གྲ་སྒྲིག་བྱེད་ཚད་དུས་རྒྱུན་གྱི་ལྡབ་གཉིས་ཟིན་གྱི་ཡོད”ཅེས་ཧུད་ཧའོ་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་ཝུའུ་ཙའེ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཧུད་ཧའོ་སྒོ་རྩིས་ཚོང་ཁང་ནི་ལྷོ་ཁ་གྲོང་ཁྱེར་ནས་མུ་འབྲེལ་ཁེ་ལས་རྙིང་པ་ཞིག་ཡིན་པ་དང་ལོ་29རིང་གི་སིལ་ཚོང་ཉམས་མྱོང་ཡོད། “དུས་ཆེན་གཉིས”ཀྱི་ཕྱིར་ཚོང་མང་དུས་བསུ་ཆེད། སྒོ་རྩིས་ཚོང་ཁང་གིས་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་གྱི་ཚོང་ཟོག་གྲ་སྒྲིག་བྱས་པ་མ་ཟད། ད་དུང་ཚད་ལོན་གོང་གཅོག་གཟིགས་སྐྱོང་དང་ཚོགས་མིར་སྐར་མ་ལྡབ་གཉིས་སྤོར་བ་སོགས་ཀྱི་བྲིན་ཚོང་བྱེད་སྒོ་སྤེལ་ནས་གྲོང་མིར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “དུས་ཆེན་གཉིས”རིང་གི་ཚོང་དོན་གྱི་གཙོ་གནད་ཁྱབ་ཁོངས་བརྟན་ལ་གོ་རིམ་ལྡན་པའི་འགན་ལེན་ཏན་ཏིག་བྱ་ཆེད། ཉིན་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་མི་ཁོངས་གཏོགས་ཁུལ་གྱི་ཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་དེ་བཞིན་ཞིང་ཟོག་ཁྲོམ་ར་སོགས་སུ་བསྐྱོད་དེ། དུས་ཆེན་གོང་གི་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་དང་རིན་གོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཟོག་གོང་ཧམ་སྤོར་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ། དུས་ཆེན་རིང་བཟའ་བཅའ་བདེ་འཇགས་དང་ཁྲོམ་ར་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།