དབུ་ཤོག>པར་མཛོད།
  • བཅིངས་འགྲོལ་ཞིང་ས་གཤིན་པོ་ནས། བདེ་སྐྱིད་མེ་ཏོག་ལྷུག་པོར་གྲོལ།

    འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་འཕོ་འགྱུར་རགས་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཕྲིན་སྤེལ་བ། བཀྲ་ཤིས་རྒྱ་མཚོ།   |     སྤེལ་དུས།  2025-07-23

    འདི་ནི་མཛེས་སྡུག་ལྡན་པའི་བཅིངས་འགྲོལ་གྲོང་ཚོའི་ཟུར་ཞིག་ཡིན་པ།

    འདི་ནི་མི་ཕྱུགས་ལོགས་དབྱེ་བྱས་རྗེས་ཀྱི་མང་ཚོགས་ཀྱི་བ་ཕྱུགས་གསོ་ཚགས་ར་བ་ཡིན་པ།

    འདི་ནི་བཅིངས་འགྲོལ་གྲོང་ཚོར་ཐོབ་པའི་གཟི་བརྗིད་མཚན་སྙན་ཁག་གཅིག་ཡིན་པ།

    འདི་ནི་བོད་རྙིང་པའི་སྐབས་ཀྱི་ལྡིང་དཔོན་གཞིས་ཀའི་གནའ་ཤུལ་ཡིན་པ།

    འདི་ནི་བཅིངས་འགྲོལ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གསར་པ་ཡིན་པ།

    ས་བབ་ཅུང་མཐོ་བའི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོ་ནི་དབྱར་གྱི་དཔལ་མོའི་སྔོ་ལྗང་གཡུ་ཡི་ན་བཟས་ཡོངས་སུ་བཀླུབས་ཤིང་། ཞོགས་ཆར་ཟམ་ཟིམ་གྱི་ཁྲོད་ཞི་བདེ་བག་ཕེབས་ཀྱི་ཚུལ་དུ་གནས། བཟོ་བཀོད་ལེགས་ལ་གཞི་ཁྱོན་ཆེ་བའི་ཡུལ་མིའི་སྡོད་ཁང་གི་ཐོག་ཁར་སྐྱི་བསེར་རླུང་གི་འགྲོས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དག་ལས་བཀྲག་མདངས་རབ་ཏུ་འཚེར་བ་དང་། གདོང་ལ་འཛུམ་གྱི་པདྨོ་རང་དགར་གྲོལ་བའི་ཡུལ་མི་འགའ་རྒྱ་ཆེ་བའི་ཨར་འདམ་ལམ་དུ་ཕར་འགྲོ་ཚུར་འོང་གིས་རང་རང་གི་ལས་ལ་བྲེལ་བཞིན་མཆིས།

    བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། བཅིངས་འགྲོལ་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་བཅིངས་འགྲོལ་ཞེས་པའི་ཐ་སྙད་དེའི་གོ་དོན་རྟོགས་ཀྱི་མེད་ལ། སུ་ཞིག་གིས་བཅིངས་འགྲོལ་གཏོང་གི་ཡོད་པའང་ཤེས་ཀྱི་མེད། ཡིན་ནའང་། བཅིངས་འགྲོལ་ཞེས་པའི་མིང་དེ་ཉན་བྱེད་རྣ་བའི་བུ་གར་ཐོས་པ་ཙམ་གྱིས་མི་རྣམས་ཀྱི་སེམས་པ་ཚ་སོབ་སོབ་ཏུ་གྱུར་པ་དང་སྦྲགས། ཁོང་ཚོས་དྲོ་སྐྱིད་ཀྱི་འོད་སྣང་ཞིག་མཐོང་ཐུབ་ཡོད།

    བཅིངས་འགྲོལ་གྲོང་ཚོའི་གཞི་རྩའི་གནས་ཚུལ།

    བཅིངས་འགྲོལ་གྲོང་ཚོ་ནི་རྩེད་ཐང་གི་ལྷོ་ནུབ་རྒྱུད་ཀྱི་ས་བབ་སྨི་4100ཙམ་གྱི་སར་གནས་ཤིང་། དེ་ནི་གང་སར་རི་སྐྱེས་རྩྭ་རྩི་ཤིང་སོགས་སྔོ་ལྗང་གིས་ཡོངས་སུ་བཀླུབས་པའི་སྐྱེ་ཁམས་བཟང་བའི་གྲོང་ཚོ་ཞིག་ཡིན། གྲོང་ཚོར་རྨོ་ཞིང་རྒྱ་ཁྱོན་མུའུ་946.6དང་རྩྭ་ཐང་རྒྱ་ཁྱོན་མུའུ་77845ཡོད་ཅིང་། གཙོ་བོ་ནས་དང་། གྲོ སྲན་མ། པད་ཁ ཞོག་ཁོག་སོགས་འདེབས་ཀྱི་ཡོད། གྲོང་ཚོ་ཡོངས་སུ་ཡུལ་མིའི་ཚོགས་ཆུང་ཁག་གསུམ་དང་། ཁྱིམ་དུད་141 མི་གྲངས་627ཡོད། 2024ལོར་བཅིངས་འགྲོལ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་25364.96ཙམ་ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་27ཙམ་ཟིན་ནས་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ཡ་ང་བའི་ལོ་རྒྱུས་ཀྱི་དཔང་པོ།

    བོད་རྙིང་པའི་སྐབས་དེ་གར་གཞིས་ཀ་ཞིག་ཡོད་པར་ལྡིང་དཔོན་གཞིས་ཀའམ་གཟིམ་པ་ལྡིང་དཔོན་ཟེར། གཞིས་ཀ་དེའི་ལས་འགན་ནི་རྫོང་གི་མངའ་ཁོངས་ནས་བོད་བཀའ་ཤག་སྲིད་གཞུང་ལ་དམག་མི་བསྡུ་བའི་ལས་དོན་གྱི་འགན་འཁུར་དགོས་ཀྱི་ཡོད། སྐབས་དེ་དུས་དེ་ཁུལ་གྱི་བྲན་གཡོག་རྣམས་ཀྱང་བོད་རྙིང་པའི་ཞིང་བྲན་སྤྱི་དང་འདྲ་བར། ཐོབ་ཆ་གང་ཡང་མེད་པའི་ཁར། སྐྱེས་པ་མང་ཆེ་བས་བཀའ་ཤག་སྲིད་གཞུང་གི་དམག་ཁྲལ་རྒྱུག་དགོས་པས། སྤྱིར་རང་ཡུལ་དུ་སོ་ནམ་བྱེད་པའི་དུས་ཚོད་ཤིན་ཏུ་དཀོན། བུད་མེད་རྣམས་ནི་ཉིན་མོའི་མི་དང་མཚན་མོའི་ཁྱི་བཞིན་གཞིས་ཀའི་ཞིང་འབྲོག་ལས་དང་ཕྱི་ནང་གི་བྱ་བ་ཆེ་ཕྲ་ཆུང་གསུམ་ཚང་མ་བྱེད་དགོས་པས་མི་ལུས་རང་དབང་ཟེར་བ་ག་ལ་ཡོད། དེ་ལྟར་ལྟོ་གོས་ཤིན་ཏུ་ཕོངས་པའི་ཡུལ་དེའི་མི་རབས་མང་པོ་ཞིག་གནས་དེར་ཧ་ཅང་ཡ་ང་བའི་འཚོ་བ་སྐྱེལ་དགོས་བྱུང་ལ། དེ་དུས་དེ་གར་གཟིམ་པ་ལྡིང་དཔོན་དང་གཞིས་ཀ་ལྡིང་དཔོན་ཞེས་པ་ལས་བཅིངས་འགྲོལ་གྲོང་ཚོ་ཞེས་པའི་མིང་ཙམ་ཡང་ག་ལ་ཡོད། ཡིན་ནའང་། དེ་ཁུལ་གྱི་ཞིང་བྲན་ཚོས་སེམས་དབུས་ནས་རང་ལུས་རང་དབང་དང་ལུས་སེམས་གཉིས་ཀར་བཅིངས་འགྲོལ་ཐོབ་རྒྱུའི་འདུན་པ་ནི་སྐོམ་པ་ཆུ་འདོད་ལྟར་ཡིན།

    གྲོང་ཚོ་དེར་ད་ལྟའང་ལོ་རྒྱུས་ཀྱི་མེ་ལོང་བཞིན་གསལ་བའི་ལྡིང་དཔོན་གཞིས་ཀའི་གནའ་ཤུལ་ཡོད་པར། ཡུལ་ལྷ་གསོལ་མཆོད་ཁང་དང་། ཚོམས་ཆེན། གསོལ་ཐབ། གཟིམ་ཆུང་། སྐུ་ངོས་ཀྱི་ཤག་ཆུང་། ཆོས་ཁང་། ལྷ་ཁང་དང་། དེ་བཞིན་རྔོས་ཚང་དང་། འོག་མཛོད། ཀ་སྦུག་སོགས་ཡོད་ལ། ཤོད་དུ་སྒོ་ཕྱུགས་གསོ་ཚགས་བྱེད་ས་དང་གཟན་རྩྭ་འཇོག་ས་རེད་འདུག ད་དུང་ལུང་པའི་ཕུ་རུ་ཕྱུགས་རིགས་དཀར་ནག་དང་མདོ་རུ་ས་ཁང་ས་ཞིང་གང་དགོས་ཡོད་པ་འདྲ། ཡིན་ཡང་། ཞིང་བྲན་ཚོར་དབང་བ་ནི་རང་གི་གྲིབ་མ་ཙམ་ལས་གང་ཡང་བསྟན་རྒྱུ་མེད། ཡུལ་དེའི་རྒན་རྒོན་ཚོས་བརྗོད་པར། སྐབས་དེ་དུས་གཞིས་ཀའི་སེམས་ཅན་གཡོག་བྱེད་བྱེད་མཁན་ཚོ་མུན་སྟུག་པའི་འོག་ཁང་དུ་དུད་འགྲོ་དང་མཉམ་དུ་ཉལ་དགོས་པ་དང་། འགའ་ཞིག་རྔོས་ཚང་དུ་ཉལ་བ་ལས། དེ་བྱིངས་ཕལ་ཆེ་བ་གཞིས་ཀའི་མདུན་གྱི་སྒོ་རའི་ཀ་སྦུག་དང་གཡུལ་ཐང་དུ་ཉལ་དགོས་ཀྱི་ཡོད་པས། དུས་བཞིའི་ཚ་གྲང་སྣ་ཚོགས་ཀྱི་གདུང་བ་དང་ནམ་དུས་ཀྱི་འགྱུར་བ་ཧ་ཅང་གསལ་པོར་ཤེས་ཀྱི་ཡོད། དེ་བས་ན། སྐུ་ངོས་གཟིམ་ཤག་གི་སྒེའུ་ཁུང་གི་ཁྲ་མའི་མདུན་དུ་སྤྲེའུ་ཞིག་ཉར་ཡོད་པ་དེས་ཡར་འཁྱུད་མར་འབབ་ཀྱིས་རང་དགར་རྩེད་མོ་རྩེ་བཞིན་པ་མཐོང་དུས། ཞིང་བྲན་ཚོར་ཡིད་སྨོན་ཆེན་པོ་སྐྱེ་བཞིན་ཡོད་ཅིང་། སྐབས་དེ་དུས་རང་ཉིད་སྤྲེའུ་དེ་ཡིན་ན་ཅི་མ་རུང་ཨང་སྙམ་མྱོང་མཁན་གྱི་ཞིང་བྲན་རེ་གཉིས་ག་ལ་ཡིན་ཞེས་ཡ་ང་ལ་ཡིད་སྐྱོ་བའི་གཏམ་མང་པོ་གནས་དེ་ནས་ཐོས་རྒྱུ་འདུག

    བདེ་སྐྱིད་རྫོགས་ལྡན་གྱི་དུས་རབས།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ལྡིང་དཔོན་གཞིས་ཀའི་མཐའ་འཁོར་དང་ཉེ་འཁོར་གྱི་ནང་ཟན་ཁྱིམ་དུད་འགའ་དང་། རི་བོ་བདེ་ཆེན་དགོན་གྱི་ཁྲལ་པ་ཞང་མཁར་དང་རོལ་ཁང་སོགས་དུད་ཆུང་ཁག་ཟླ་སྒྲིལ་བཏང་སྟེ། ནང་ཟན་རོགས་རེས་ཚོགས་ཆུང་བཙུགས། དུས་དེ་ནས་བཟུང་། མང་ཚོགས་ལ་རང་ཁྱིམ་རང་བདག་གི་བདེ་སྐྱིད་ཀྱི་ཉི་མ་ཤར་འགོ་ཚུགས་ཏེ། སྐབས་དེ་དུས་སྐྱེས་པའི་བུ་ཕྲུག་མང་ཆེ་བར་རང་མིང་གི་མདུན་དུ་བཅིངས་འགྲོལ་ཞེས་པའི་མིང་བཏགས་ནས། ལོ་མང་རིང་རེ་སྒུག་བྱས་པའི་བསམ་འདུན་ཡོངས་སུ་འགྲུབ་པའི་སྤྲོ་སྣང་མཚོན་པར་བྱས། 1972ལོར། མི་དམངས་ཀུང་ཧྲེ་དང་མངའ་འོག་ཏུ་ཐོན་སྐྱེད་རུ་ཆེན་གསུམ་བཙུགས་པར། ཚང་མས་མ་གྲོས་གཅིག་མཐུན་གྱིས་བཅིངས་འགྲོལ་མི་དམངས་ཀུང་ཧྲེ་ཞེས་པའི་མིང་བཏགས། 1980 ལོར། ཐོན་སྐྱེད་འགན་གཙང་ལམ་ལུགས་ལག་ལེན་བསྟར་བ་དང་རྒྱལ་སྨན་ཆུས་བཅིངས་འགྲོལ་ཤང་བཙུགས། 1988ལོར། ཆུས་གཏོར་ནས་ཤང་བཙུགས་རྗེས་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཞེས་སྲིད་འཛིན་གྱི་སྒྲིག་གཞི་ཁག་ལ་རིམ་བཞིན་ལེགས་སྒྲིག་དང་འཐུས་སྒོ་ཇེ་ཚང་དུ་བཏང་། 2006ལོའི་ལོ་མཇུག་ཏུ། བོད་ཀྱི་བདེ་སྡོད་ལས་གྲྭའི་རྣམ་གྲངས་ཀྱིས་ཡུལ་མིའི་སྡོད་ཁང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། ལྡིང་དཔོན་གཞིས་ཀར་སྡོད་མཁན་གྱི་དུད་ཚང་ཐ་མ་གཅིག་པུ་དེ་ཡང་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་པ་རེད། དེ་ནས་བཟུང་། ལྡིང་དཔོན་གཞིས་ཀ་དེ་གནའ་དེང་བསྡུར་བའི་ལོ་རྒྱུས་ཀྱི་མེ་ལོང་ལྟ་བུར་གྱུར།

    ཉེ་བའི་ལོ་ཤས་ནང་། ཏང་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་། གྲོང་གསེབ་དར་རྒྱས་སོགས་ཀྱི་ཇུས་གཞི་རབ་དང་རིམ་པ་ལག་ལེན་བསྟར་བ་མ་ཟད། ལས་གཞིའི་རྣམ་གྲངས་མང་པོར་མ་དངུལ་ཕོན་ཆེན་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་གིས་གཙོས་པའི་ལས་དོན་འབོར་ཆེན་བསྒྲུབས་པ་དང་། གྲོང་ཚོའི་སྲང་ལམ་ལ་སྒྱུར་བཀོད་དང་ས་འོག་ཆུ་འགྲོ་བཟོ་བ། འཐུང་ཆུའི་བདེ་འཇགས་ལ་འགན་ལེན། མི་ཕྱུགས་ལོགས་དབྱེའི་ལས་གྲྭ མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་སོགས་ཀྱི་དམངས་ཕན་ལས་བཟང་སྣ་ཚོགས་སྤེལ་བར། བཅིངས་འགྲོལ་གྲོང་ཚོའི་ཞིང་ས་གཤིན་པོ་ནས་བདེ་སྐྱིད་ཀྱི་མེ་ཏོག་ལྷུག་པོར་གྲོལ་བ་མ་ཟད། བཅིངས་འགྲོལ་གྲོང་ཚོར་ཡང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་སྐབས་བདུན་པའི་དམངས་གཙོའི་ཁྲིམས་སྐྱོང་གྲོང་ཚོའི་གཟི་བརྗིད་མཚན་སྙན་དང་། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་སྟོན་གྲོང་ཚོའི་གཟི་བརྗིད་མཚན་སྙན། ལྗོངས་ཡོངས་ཀྱི་ས་མཐོའི་དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།