དབུ་ཤོག>པར་མཛོད།
  • རིག་སྟོབས་འགྲན་པའི་ལུས་རྩལ་གྱིས། བག་ཕེབས་དགའ་བདེའི་སྤྲོ་སྣང་སྦྱིན།

    བོད་ཀྱི་ས་གནས་ཁག་གི་ངོ་མཚར་ཆེ་བའི་སྲོལ་རྒྱུན་རྩལ་རྩེད་འགྲན་བསྡུར་གྱི་ཡིད་དབང་འཕྲོག་ཤུགས། (གཅིག)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-05

    མཛོ་སྒང་གི་མིག་མངས།

    སྟོང་ལོའི་གནའ་ལམ་ནས་དར་བའི་རྩལ་འགྲན།

    འགྲན་ཞུགས་པས་སྟོབས་འབར་ཤང་དུ་མིག་མངས་རྩེ་བཞིན་པ།

    འགྲན་ཞུགས་པས་སྟོབས་འབར་ཤང་དུ་མིག་མངས་རྩེ་བཞིན་པ།

    འདི་ནི་སྲོལ་རྒྱུན་གྱི་མིག་མངས་ཡིན་པ།

    ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་སྟོབས་འབར་ཤང་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་ལམ་ཞིག་ཡོད་པ་དེས་སྔོན་ཆད་ཡུལ་དེ་གར་ཚོང་དོན་དར་ཞིང་རྒྱས་པ་དང་འགྲུལ་ལམ་ཤར་གཏོང་བྱུང་བའི་བདེན་དཔང་བྱེད་བཞིན་མཆིས། ད་ཆ་ཡུལ་དེ་ན་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་བཀྲག་མདངས་འཚེར་བའི་མིག་མངས་ཞེས་རིག་པ་འགྲན་པའི་རྩལ་རྩེད་ཅིག་དར་ཁྱབ་བྱུང་བ་དང་། དེའི་འཕྲེད་གཞུང་སྣོལ་མར་སྦྲེལ་བའི་མིག་མངས་ཀྱི་ཐིག་རིས་དང་། བབ་ཆགས་པའི་རྩེད་ཆས། རིག་སྟོབས་འགྲན་རྩལ་བཅས་ལས་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས།

    སྟོབས་འབར་ཤང་ནི་ཇ་རྟའི་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་། དྲེལ་པའི་རུ་ཁག་གིས་ཇ་དང་། ཚྭ། དར་གོས་བཅས་ཁལ་མར་བཀལ་ནས་ཐོན་སྐབས་དེ་གར་ཚ་ཕོག་རྒྱག་པ་དང་། དྲེལ་པ་རྒྱང་རིང་དུ་བཞུད་ནས་ཚོང་འབོད་དང་རྟ་དྲེལ་གྱི་རྨིག་སྒྲ་རིམ་གྱིས་ཇེ་ཆུང་དུ་སོང་རྗེས། འདམ་བག་སྟེང་ཐིག་རིས་བྲིས་ནས་རྡེའུ་སྤྱད་དེ་མིག་མངས་རྩེད་སྲོལ་ཡོད།

    ལོ་51ལ་སླེབས་པའི་གཡུང་དྲུང་ཚེ་བརྟན་ནི། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིག་མངས་ཀྱི་རྒྱུན་འཛིན་པ་ཡིན་པ་དང་། ཁོང་གིས་མིག་མངས་ཀྱི་རྡེའུ་ལ་རེག་བཞིན་དུ་བྱིས་དུས་ཀྱི་རྩེད་མོ་དེར་ཕྱིར་དྲན་བྱས་ཤིང་། ཞིང་དལ་གྱི་སྐབས་སུ་རྒན་པ་ཚོས་རྡེའུ་བསྒྲུགས་ཏེ་འདམ་བག་སྟེང་ཐིག་རིས་བྲིས་ནས་མིག་མངས་རྩེ་གི་ཡོད།

    གཡུང་དྲུང་ཚེ་བརྟན་གྱིས་རྟག་ཏུ་སྟོབས་འབར་ཤང་གི་དམག་བཀུར་གྲོང་ཚོའི་བྱེད་སྒོའི་ལྟེ་གནས་སུ་ཡུལ་མི་ཚོ་དང་མཉམ་དུ་མིག་མངས་རྩེ་གི་ཡོད། མིག་མངས་ཀྱིས་ཡུལ་མི་མང་པོའི་ཡིད་དབང་འཕྲོགས་ཤིང་། ད་ཆ་ཁོང་གིས་དགེ་ཕྲུག་རྣམ་རྒྱལ་གསོ་སྐྱོང་བྱས་ཡོད། གཡུང་དྲུང་ཚེ་བརྟན་གྱིས་སེམས་རྩ་འཁོལ་པོས་མཛུབ་སྟོན་བྱས་པར་བརྟེན། ད་ཆ་རྣམ་རྒྱལ་གྱི་མིག་མངས་རྩེད་རྩལ་མཁས་སུ་ཕྱིན་ཡོད། ད་ཆ་གྲོང་ཚོའི་བྱེད་སྒོའི་ལྟེ་གནས་སུ་རྣམ་རྒྱལ་གྱིས་རྟག་ཏུ་ཡུལ་མི་གཞན་ཚོ་དང་མིག་མངས་རྩེད་དེ་ཚང་མར་མིག་མངས་རྩེད་རྩལ་ངོམ་བཞིན་ཡོད།

    མིག་མངས་ནི་མི་དམངས་མང་ཚོགས་ཀྱི་ཁྱིམ་ཚང་དང་། སྤྱི་ཚོགས་འཚོ་བ། ངལ་རྩོལ་ཐོན་སྐྱེད་བཅས་དང་འབྲེལ་བ་ཟབ་ལ་ལོ་རྒྱུས་རིང་བ་མ་ཟད། དམིགས་བསལ་གྱི་རིག་གནས་མཚོན་ཚུལ་ཞིག་ཀྱང་ཡིན་པས། ངལ་རྩོལ་དང་བློ་གྲོས་ཀྱི་སྙིང་བཅུད་འདུས་ཡོད། མཛོ་སྒང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་འཕེལ་རྒྱས་སོང་བ་དང་ཆབས་ཅིག རྒྱུ་དངོས་གང་ཡང་གཏོང་མི་དགོས་པའི་གནའ་བོའི་རྩེད་ཆས་དེར་སྐྱེ་སྟོབས་གསར་པ་རྒྱས་ཤིང་། ཉེ་བའི་ལོ་འགའི་རིང་། སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་སྟོབས་འབར་ཤང་གིས་ལོ་ལྟར་མིག་མངས་འགྲན་བསྡུར་བྱས་ཏེ། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་དེ་མི་སྔར་བས་མང་བའི་འཚོ་བའི་ཁྲོད་ཁྱབ་པར་བྱས་ཡོད།

    རྟ་རྒྱུག་འགྲན་བསྡུར།

    རྟ་ཐོག་གི་སྟོན་མོའི་ལོངས་སྤྱོད།

    འདི་ནི་རྟ་པ་ཚོ་བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་གྱི་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་བཞིན་པ།

    འདི་ནི་རྟ་པས་རྟ་རྩལ་ངོམས་ནས་ཁ་བཏགས་སྒྲུག་བཞིན་པ།

    འདི་ནི་བསྟན་འཛིན་སྣང་གསལ་གྱིས་འགྲན་ཞུགས་རྟ་ཕོར་སྤུ་ཤད་རྒྱག་བཞིན་པ།

    བོད་རིགས་ནི་རྟ་རྩལ་ལ་མཁས་པའི་མི་རིགས་ཤིག་ཡིན་པས། ལོ་ལྟར་བོད་དུ་ངོ་མཚར་ཆེ་བའི་རྟ་རྒྱུག་འགྲན་བསྡུར་སྣ་ཚོགས་བྱེད་ཀྱི་ཡོད། རྟ་རྒྱུག་ནི་བོད་ཀྱི་དམངས་ཁྲོད་དུ་དར་སྔ་ཤོས་དང་ཁྱབ་ཆེ་ཤོས་ཀྱི་རྩལ་འགྲན་བྱེད་སྒོ་དང་རོལ་རྩེད་ཀྱི་གྲས་ཤིག་ཡིན་པར་བརྟེན། བོད་རིགས་ཀྱིས་རྟ་ལ་དམིགས་བསལ་གྱི་བརྩེ་བ་འཆང་གི་ཡོད་པ་དང་རྟ་ཙམ་མ་ཟད། འབྲི་གཡག་ཀྱང་བོད་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་རེད།

    རྟ་ཐོག་རིག་གནས་བོད་དུ་དར་ཡུན་ཤིན་ཏུ་རིང་བ་དང་། རྟ་རྩལ་འགྲན་བསྡུར་འདི་ཉིད་བོད་དུ་བཀྲ་ཤིས་པ་དང་། དཔའ་བློ་ཁོག་ཆེ་བ། བློ་གྲོས་ལྡན་པ་བཅས་ཀྱི་མཚོན་དོན་དང་མཚོ་བོད་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “ལོ་ལྟར་བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་ལྷ་སའི་བྱང་འདབས་བྱེ་རགས་རྟ་རྒྱུག་ཐང་འདི་ཉིད་འཁྲུག་ཆ་དོད་ཤོས་སུ་གྱུར་ཡོད། དེར་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་གྱི་ཡོད་པ་དང་། ཉིན་དེར་གྲོང་མི་དང་ཡུལ་སྐོར་བས་ལུས་ལ་གཟབ་མཆོར་སྤྲས་ཏེ་རྟ་རྒྱུག་ཐང་དུ་འོང་ནས་ཕན་ཚུན་ལོ་གསར་གྱི་སྨོན་འདུན་ཞུ་བ་དང་སྦྲགས་མཉམ་དུ་མིག་གི་ལོངས་སྤྱོད་དུ་གྱུར་པའི་སྟོན་མོ་གཟབ་རྒྱས་ལ་རོལ་གྱི་ཡོད”

    བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་གྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་བསྡུར་འདི་ལོ་མང་བསྟུད་མར་གཉེར་བར་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཅིང་། 2020ལོར་བྱེད་སྒོ་དེ་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་ཕུལ་བྱུང་རྟེན་འབྲེལ་དུས་ཆེན་གྱི་རྣམ་གྲངས་སུ་བདམས་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ས་གནས་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་རྟ་རྒྱུག་འགྲན་བསྡུར་སྣ་མང་ཕུམ་སུམ་ཚོགས་པོའི་ནང་མང་ཚོགས་ཀྱིས་སྤྲོ་སྣང་ཆེན་པོས་ཞུགས་པ་དེས། ས་མཐོའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་པའི་གནའ་བོའི་སྲོལ་རྒྱུན་གྱི་ལུས་རྩལ་ལ་དུས་རབས་གསར་པར་ཀུན་གྱི་ཡིད་དབང་འཕྲོག་པའི་གཟི་མདངས་ལྷག་པར་རྒྱས་བཞིན་ཡོད།

    དུས་རབས་གསར་པར། རྟ་རྩལ་དང་རྟ་རྒྱུག་སོགས་སྲོལ་རྒྱུན་བྱེད་སྒོ་དེ་ས་མཐོར་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ནས་སྔར་བས་ཚགས་ཚུད་པོས་འཕེལ་རྒྱས་བརྟན་པོ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།