ཞིམ་ཟས་རོ་བརྒྱ་འཛོམས། འཚོ་བཅུད་ལྗགས་ལ་སྨིན།
ཤ་རྗེན་དང་སྤགས།
ཇ་སྲུབ་མ།
ཞོ་འབྲས།
སོན་ལ་ཕུག་ཤ་རྔོས།
སེར་ཤ་སྲེག་མ།
ཚགས་ཤ་སྐམ་པོ།
བག་ཐུག
བུལ་ཐུག་དང་ཇ་མངར་མོ།
ཟྭ་ཐུག
འཛམ་གླིང་ཡང་རྩེར་གྲགས་པའི་བོད་དུ་བརྗིད་ཆགས་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་ཡོད་ལ། དམིགས་བསལ་གྱི་ས་མཐོའི་ཞིམ་ཟས་རིག་གནས་ཀྱང་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། སྐྱེ་བོ་མང་པོར་བོད་ཀྱི་ཞིམ་ཟས་སྣ་ཚོགས་ཀྱི་རོ་བཅུད་མྱོང་བསྐལ་བྱུང་བ་མ་ཟད། དེང་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་འགོ་ཚུགས་ཏེ་ཞིམ་ཟས་ལ་དགའ་བའི་སྐྱེ་བོ་ཚོར་རོ་མཆོག་གི་སྟོན་མོ་ཐུན་མིན་བཤམས་ཡོད།
ནམ་རྒྱུན་ཁྱེད་ཀྱི་ཉེ་འགྲམ་དུ་བོད་ཀྱི་ཞིམ་ཟས་ཧ་ཅང་མང་པོ་ཡོད་ཅིང་། གཙོ་བོ་ཇ་སྲུབ་མ་དང་། ཇ་མངར་མོ། བུལ་ཐུག སོན་ལ་ཕུག སོན་ལ་ཕུག་ཤ་རྔོས། ཞོ་འབྲས། ཟྭ་ཐུག ཤ་རྗེན། སེར་ཤ་སྲེག་མ། ཚགས་ཤ་སྐམ་པོ། བག་ཐུག་སོགས་ཡོད་པ་དང་དེ་དག་ཚང་མ་ཁྱེད་ཀྱི་བློ་ལ་འབབ་ངེས་པའི་ཞིམ་ཟས་རྐྱང་རྐྱང་རེད།
ས་མཐོར་རྩམ་པ་དང་ཇ་སྲུབ་མ་ནི་ཡུལ་དེའི་མི་རྣམས་ཀྱི་རོ་བཅུད་ཆེ་བའི་ཞོགས་ཟས་རེད་ལ། བོད་རིགས་ཀྱི་གསོལ་ཅོག་སྟེང་མེད་དུ་མི་རུང་བའི་ཟས་སྣ་ཞིག་ཀྱང་རེད། དེའི་ཁྲོད་ནས་ཇ་སྲུབ་མ་ནི་མཐོ་གྲང་ཁོར་ཡུག་ལ་ཤིན་ཏུ་འཕྲོད་པའི་དམིགས་བསལ་གྱི་འཐུང་བྱ་ཞིག་ཡིན་ཞིང་། དེར་འཚོ་བཅུད་ཆེ་བ་དང་དྲོད་ཁུག་པའི་ཕན་ནུས་ལྡན་ལ། ལ་དུག་ཀྱང་སེལ་ཐུབ་པར་བརྟེན་མི་རྣམས་ཀྱིས་ཞོགས་ལྟར་ཇ་འཐུང་གི་ཡོད་པས། རྒྱུན་གཏན་འཚོ་བའི་ཁྲོད་དུའང་ཇ་ནི་མེད་ན་འགྲིག་ཐབས་མེད་པ་ལྟ་བུར་གྱུར་ཡོད།
གསོལ་ཅོག་སྟེང་མི་རྣམས་ཀྱིས་རྩམ་པ་ནི་ཟས་རིགས་གཙོ་བོར་བརྩི་ཡི་ཡོད་པ་དང་། སྤགས་ཟ་བའམ་ཡང་ན་སྐྱོ་མ་ལྡགས་ཀྱི་ཡོད། དེ་གཉིས་ཀར་འཚོ་བཅུད་ཕུན་སུམ་ཚོགས་པོ་ལྡན་པ་མ་ཟད། ཧ་ཅང་ཞིམ་པོ་ཡོད། སྤགས་བཟས་པ་དང་སྐྱོ་མ་ལྡགས་པ་གང་འདྲ་ཞིག་ཡིན་རུང་དེ་གཉིས་ཀ་ནི་རང་བྱུང་ཁམས་ལས་བྱུང་ཞིང་ལྷད་མེད་པའི་ཟས་མཆོག་ཅིག་རེད།
བུལ་ཐུག་ནི་ལྷ་སའི་ཇ་ཁང་ཁག་གི་ཞོགས་ཟས་ཀྱི་མཚོན་རྟགས་ལྟ་བུར་གྱུར་ཡོད་ཅིང་། སེར་མདོག་བུལ་ཐུག་གི་སྒང་ལ་རུས་ཐང་དང་ཤ་བླུགས་རྗེས་སོན་ལ་ཕུག་དང་། ཙོང་། སུར་པན་སོགས་བརྒྱབ་ན་དམིགས་བསལ་གྱི་བྲོ་བ་ལྡན་པར་གྱུར། བུལ་ཐུག་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཐུག་པའི་རིགས་ཤིག་ཡིན་པས། བོད་རིགས་མི་དམངས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད། དེ་ནི་ཟས་མཆོག་ཅིག་ཡིན་པ་མ་ཟད། དེ་བས་རིག་གནས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་པས། ས་མཐོའི་མི་དམངས་ཀྱི་བཟའ་བཏུང་གི་བློ་གྲོས་དང་བརྩེ་བ་ཟབ་མོ་འདུས་ཡོད།
བོད་དུ་བག་ཐུག་ནི་བོད་རིགས་ཀྱི་དགོང་ཟས་གཙོ་བོ་ཞིག་རེད། དེའི་བྲོ་བ་ཞིམ་ལ་དྲོད་ཀྱང་ཁུག་ཐུབ་ཅིང་། བག་ཚ་དང་། ལ་ཕུག ཤ་ཚིལ་འདྲེས་མའི་རྡོར་བཅས་མཉམ་དུ་བླུགས་ཏེ་བསྐོལ་བ་ཞིག་རེད། ལྷག་པར་དུ་གྲང་ངར་ཆེ་བའི་དགུན་དུས་བཏུངས་ན་ལུས་སེམས་གཉིས་ཀ་ལྷོད་ལ་བབས་ཐུབ།
ས་མཐོར་མི་རྣམས་ད་དུང་རང་བྱུང་ལྷད་མེད་ཀྱི་ཁ་ཏོག་བཟའ་རྒྱུར་དགའ་པོ་ཡོད་ལ། ཚགས་ཤ་སྐམ་པོ་ནི་བོད་རིགས་མི་དམངས་ཀྱིས་དགུན་དུས་དགའ་ཤོས་བྱེད་པའི་ཁ་ཏོག་ཅིག་ཀྱང་རེད། ཚགས་ཤ་སྐམ་པོ་ངེས་པར་དུ་དགུན་ཨ་རང་ད་རང་སྐབས་སྐམ་ན་གཞི་ནས་དེའི་ལྷད་མེད་ཀྱི་བྲོ་བ་རང་སོར་གནས་ཐུབ་པ་དང་། འབྲི་གཡག་གི་སྨད་ལྡིག་གི་ཤའམ་ཡང་ན་སྒལ་རུས་ཀྱི་ནང་ཤ་ཚགས་ཤ་སྐམ་པོ་བཟོ་རྒྱུར་ཧ་ཅང་འཚམ་པོ་ཡོད། འདི་ལྟར་བཟོས་པའི་ཚགས་ཤ་སྐམ་པོར་འཚོ་བཅུད་ཆེན་པོ་ལྡན་པས། བོད་རིགས་མང་ཚོགས་ཀྱིས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་ཞིམ་ཟས་ཡག་ཤོས་ཤིག་ཡིན།
བོད་དུ་ཡོང་ཚེ་ངེས་པར་དུ་ས་གནས་དེ་གའི་ཞིམ་ཟས་ཀྱི་བྲོ་བ་མྱོང་དགོས་ཤིང་། དེའི་ཟས་སྣ་ཚང་མར་བོད་རིགས་མི་དམངས་ཀྱི་སྤྲོ་སེམས་དང་བློ་གྲོས་འདུས་ཡོད། ཁྱད་ལྡན་ཞིམ་ཟས་དེ་དག་གི་བྲོ་བ་ཞིམ་པ་མ་ཟད། རིག་གནས་ཀྱི་རྨང་གཞི་དང་མི་རིགས་ཀྱི་བརྩེ་དུང་ཟབ་མོའང་ལྡན་ཡོད། གལ་ཏེ་ཁྱེད་ཉིད་འདི་གར་ཡུལ་སྐོར་ལ་ཕེབས་ཚེ་འགྲུལ་བཞུད་ཀྱི་གོ་སྟབས་དལ་དུ་བཏང་སྟེ། ལྕེ་རྩེའི་གསོས་སུ་སྨིན་པའི་གངས་ལྗོངས་ས་མཐོའི་ལྗགས་སྨིན་ལ་ལྷོད་ཀྱིས་རོལ་ཆོག་ཨང་།