དབུ་ཤོག>པར་མཛོད།
  • སྨར་ཁམས་ཚྭ་ཁ་ལྷོ་རུ།

    གནའ་དེང་ལག་རྩལ་གསེར་གྱི་ལྡེ་མིག་གིས། འཚོ་བ་གསར་པའི་བདེ་སྐྱིད་སྒོ་མོ་ཕྱེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    འདི་ནི་རྫ་ཆུའི་འགྲམ་གྱི་ཚྭ་ཞིང་ཡིན་པ།

    འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ཚྭ་ཞིང་ཡིན་པ།

    འདི་ནི་གྲོང་མིས་ཚྭ་ཞིང་ནས་ཚྭ་བསྡུ་བཞིན་པ།

    2008ལོར་སྨར་ཁམས་ཚྭ་ཁ་ལྷོའི“ཚྭ་སྐམ་པའི་ལག་རྩལ”རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་ཡོད། ཉེ་བའི་ལོ་ཤས་རིང་། དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ནས་ཆུ་འཐེན་འཕྲུལ་ཆས་སོགས་ལག་རྩལ་གསར་པ་མང་པོ་ཞིག་སྨར་ཁམས་ཚྭ་ཁ་ལྷོའི་ཚྭ་ལས་ཐོན་སྐྱེད་ལ་སྤྱད་པ་དང་བསྟུན་ནས། ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། དེ་དང་ཆབས་ཅིག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་ཡུལ་དེའི་དཔལ་འབྱོར་སྣ་མང་ཅན་ལའང་སྐུལ་འདེད་ཐེབས་ནས་ཚྭ་ཞིང་དེ་ཉིད་ཡུལ་སྐོར་བའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་པའི་མཛེས་ལྗོངས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོ་ནི་སྨར་ཁམས་རྫོང་གི་ཚྭ་ཐོན་ཡུལ་དང་པོ་དེ་རེད། ཉེ་ཆར་གསར་འགོད་པས་ལྕགས་རྟ་གྲོང་ཚོར་ཚྭ་ཁ་ལྷོའི་ཚྭ་ཞིང་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་ཇི་ལྟར་རྒྱས་པ་འཚོལ་ཞིབ་བྱེད་པར་བསྐྱོད་ནས། གནའ་བོའི་ལག་རྩལ་དང་དེང་རབས་ཀྱི་ཤེས་དཔལ་དེ་གར་ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་ཇི་ལྟར་གནས་ཡོད་མེད་ཟིན་ཐོར་བཀོད་པ་ཡིན།

    སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ནས་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་ལམ་བུ་ནས་ཕལ་ཆེར་སྤྱི་ལེ་3ཙམ་བསྐྱོད་ན་ཚྭ་ཞིང་སྟེང་ནས་དཀར་ལམ་ལམ་བྱེད་པའི་ཚྭ་རྡོག་རྣམས་མཐོང་ཐུབ།

    དེ་གར་ནི་རང་ལྗོངས་སུ་སྐད་གྲགས་ཆོད་པའི་སྨར་ཁམས་ཀྱི་ཚྭ་ཞིང་རེད། ཚད་ལྡན་ཡིག་ཆར་འཁོད་པ་ལྟར་ན། དེ་གའི་ཚྭ་སྐམ་པའི་ལོ་རྒྱུས་ནི་ཐང་རྒྱལ་རབས་བར་ཁུངས་དེད་ཆོག་པ་དང་ད་བར་ལོ་ངོ་1000ལྷག་གི་འཕོ་འགྱུར་བརྒྱུད། ད་ཆ་མིའི་རིགས་ཀྱི་ཤེས་དཔལ་གྱི་རྩ་ཆེའི་མ་དཔེ་ལྟ་བུར་གྱུར་ཡོད། 2008ལོར“ཚྭ་སྐམ་པའི་ལག་རྩལ”རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་པས། ས་ཆ་དེ་ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་འབྲེལ་ཐག་ལྟ་བུར་གྱུར། སྨར་ཁམས་ཀྱི་ཚྭ་ཁ་ལྷོའི་ཚྭ་ཞིང་ཕལ་ཆེ་བ་འཇང་མི་རིགས་ཤང་གི་རྫ་ཆུའི་ངོགས་ཀྱི་ཡར་ཀ་སྟེང་གྲོང་ཚོ་དང་། འཇང་མི་རིགས་གྲོང་ཚོ། ལྕགས་རྟ་གྲོང་ཚོ་བཅས་ལ་ཁྱབ་ཡོད།

    ལོ་ངོ་ཆིག་སྟོང་ལྷག་རྒྱུན་འཛིན་བྱས་པའི་ཚྭ་བཟོ་རྩལ་ནི་ཚྭ་ཁྲོན་ནས་ཚྭ་ཆུ་བླངས་རྗེས་ཚྭ་རྫིང་དུ་ཉིན་ལྔ་དྲུག་ཙམ་བཞག་རྗེས་དེ་ནས་བཏོན་ཏེ་ཚྭ་ཞིང་དུ་སྐམ་གྱི་ཡོད་པ་དང་ཉི་སྐམ་དང་བསིལ་སྐམ་བཏང་རྗེས་རིམ་གྱིས་ཚྭ་རྡོག་ཏུ་འགྱུར་གྱི་ཡོད། དེ་རྗེས་དཀར་ལམ་ལམ་གྱི་ཚྭ་རྣམས་གཞུ་དབྱིབས་བཟོས་ནས་བཞའ་འཐེན་གྱི་ཡོད། ལོ་ལྟར་ཟླ་11པ་ནས་སང་ལོའི་ཟླ་6པ་བར་ནི་ཚྭ་སྐམ་པའི་དུས་ཚིགས་ཡིན་པ་དང་དེའི་ནང་ནས་ཟླ་3པ་ནས་ཟླ་5པ་ནི་ཚྭ་སྐམ་མང་ཤོས་རེད། གནམ་གཤིས་དང་ས་བབ་མི་འདྲ་བ་དང་ཚྭ་བསྡུ་བའི་དུས་འཁོར་མི་འདྲ་ལ། སྤྱིར་བཏང་བྱས་ན་ཉིན་གསུམ་ནས་ལྔ་བར་ཐེངས་རེ་བསྡུ་གི་ཡོད།

    ལྕགས་རྟ་གྲོང་ཚོའི་ད་ལོ་ལོ་73ལ་སླེབས་པའི་གྲོང་མི་སྐལ་བཟང་གཡུ་སྒྲོན་གྱིས་གསར་འགོད་པར། ཆུ་འཐེན་འཕྲུལ་འཁོར་ཡོངས་ཁྱབ་མ་བྱུང་གོང་ཚྭ་ལས་ཐོན་སྐྱེད་བྱེད་སྐབས་མི་ཤུགས་ཁོ་ནར་བརྟེན་དགོས་ཀྱི་ཡོད་ཅེས་བཤད། སྐལ་བཟང་གཡུ་སྒྲོན་ལོ་བརྒྱད་ལ་སླེབས་སྐབས་ཨ་མར་རོགས་པ་བྱས་ཏེ་ཉིན་ལྟར་ཐོ་རེངས་སུ་གཏིང་ཚད་སྨི་ཁ་ཤས་ཡོད་པའི་ཚྭ་ཁྲོན་ནས་ཚྭ་ཆུ་བླངས་ཏེ་གྱ་གྱུའི་ལམ་ཕྲན་བརྒྱུད་ཚྭ་རྫིང་དུ་དབོར་གྱི་ཡོད། ཉིན་ལྟར་ཉུང་མཐར་ཡང་ཚྭ་ཆུ་ཆུ་ཟོམ་60ནས་100བར་ལེན་དགོས་ལ། ཉིན་གཅིག་ལ་ཚྭ་ཞིང་དུ་ལས་ཀ་བྱས་ནས་ཆུ་ཚོད་10ཙམ་སྡོད་དགོས་ཀྱི་ཡོད།

    འདི་ལོ་ལོ་32ལ་སླེབས་པའི་སྐལ་བསྟན་མཚོ་མོས་ཅཱ་ཅཱ་ཐུག་པ་འཐུང་ས་ཞིག་བཙུགས་ཡོད་ཅིང་། ཁོང་གིས་གསར་འགོད་པར། གྲོང་ཚོའི་ནང་ཆུ་འཐེན་འཕྲུལ་འཁོར་བསྒར་བའི་ཁར་ཡུལ་སྐོར་ལས་རིགས་ཀྱང་འཕེལ་རྒྱས་ཕྱིན་པས། གྲོང་ཚོའི་བུད་མེད་ཚོས་ཚྭ་འདོན་པ་དང་ཆབས་ཅིག ཡུལ་སྐོར་ལས་རིགས་ལ་ཞུགས་ནས་ཚོང་ཁང་བཙུགས་ཏེ་ཚྭ་འཚོང་གི་ཡོད། སྐྱེས་པ་ཚོ་ཡང་ཕྱིར་ཚྭ་འཚོང་བར་འགྲོ་མི་དགོས་པར། ཡུལ་སྐོར་བ་མང་དུས་སུ་གྲོང་ཚོར་ལྟོ་བཟོ་བ་དང་། ཕྲུ་གུར་ལྟ་རྟོགས་བྱེད་པ། ཁང་པར་གཙང་སྦྲ་བྱེད་པ། ཚོང་ཁང་ཉམས་གསོ་བྱེད་པ་སོགས་ཀྱི་ཁྱིམ་ལས་ཙག་ཙིག་བྱས་ན་འགྲིག་གི་ཡོད། ཡུལ་སྐོར་བ་ཉུང་དུས་སུ་མི་ཁ་ཤས་མཉམ་དུ་སྨར་ཁམས་རྫོང་གྲོང་དང་ཆབ་མདོའི་གྲོང་ཁུལ་དུ་གླ་པར་བསྐྱོད་པའམ་ཡང་ན་ཁྱིམ་གྱི་ཚྭ་ཞིང་སྐྱོང་རོགས་དང་ལས་ཀ་ཙག་ཙིག་བྱེད་ཀྱི་ཡོད།

    ཉིན་གུང་གི་དུས་སུ་ལྕགས་རྟ་གྲོང་ཚོར་འཆམ་འཆམ་ལ་སྐྱོད་སྐབས་ཉི་འོད་འོག་ཚྭ་ཞིང་དག་ལས་འོད་ཆེམ་ཆེམ་དུ་འཚེར་ཞིང་། ཚྭ་ཞིང་གི་འགྲམ་དུ་ལོ་12ལ་སླེབས་པའི་བཀྲ་ཤིས་གཡང་འཛོམས་ཀྱིས“སྔོན་ལ་ཚྭ་ཆུ་ལེན་པ་དང་། དེ་ནས་ཚྭ་སྐམ་པ་དང་ཚྭ་བསྡུ་དགོས”ཞེས་ཡུལ་སྐོར་བ་ཚོར་ཚྭ་འདོན་པའི་བརྒྱུད་རིམ་དག་བྱང་ཆུབ་པོས་གསལ་འགྲེལ་བྱེད་བཞིན་མཆིས། བུ་མོ་ཆུང་ཆུང་གི་སྤྱི་སྐད་སྒྲ་དག་ལ་གསལ་བ་དང་། གཤིས་ཀ་ཁ་རི་ཁ་ཐུག་ཡིན་པས་ཆ་རྒྱུས་མེད་པའི་ཡུལ་སྐོར་བར་འཚེར་སྣང་སྤུ་ཙམ་ཡང་བྱེད་ཀྱི་མེད། ཚྭ་ཞིང་ནང་དུ་བཀྲ་ཤིས་གཡང་འཛོམས་དང་འདྲ་བའི“གསལ་འགྲེལ་པ་ཆུང་ཆུང”ད་དུང་མང་དག་ཅིག་མཐོང་རྒྱུ་ཡོད་ལ། ཆོས་སྒྲོན་གྱི་བུ་མོ་ཡང་དེའི་གྲས་ཤིག་རེད། “ངས་ཡི་གེ་མི་ཤེས་པས། རྟག་པར་དྲ་ཚོང་བྱེད་སྟངས་སྦྱོང་གི་ཡོད། འོན་ཀྱང་དེའི་འོག་ཏུ་གཞན་གྱིས་དཔྱད་གཏམ་གང་ཞིག་སྤེལ་ཡོད་མེད་ཤེས་ཀྱི་མི་འདུག་པས་ངེས་པར་དུ་ངའི་བུ་མོར་སློབ་གསོ་ཆ་ཚང་པོ་ཞིག་ཐོབ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཆོས་སྒྲོན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།