དབྱར་རྩྭ་དགུན་འབུ་འཐུ་བའི་ནམ་དུས་ཤར་བ།
འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་གསེར་ཊ་ཤང་དུ་འབྲོག་པས་སྤང་ལྡེབས་སུ་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་གསེར་ཊ་ཤང་དུ་འབྲོག་པས་དབྱར་རྩྭ་དགུན་འབུ་འཐུ་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་ལ《ནག་ཆུ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དོ་དམ་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་རྗེས་ཀྱི་དབྱར་རྩྭ་དགུན་འབུ་འཐུ་བའི་ནམ་དུས་ཐོག་མ་དེ་ཤར་ཞིང་། 《ནག་ཆུ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དོ་དམ་སྲོལ་ཡིག》ཏུ་དབྱར་རྩྭ་དགུན་འབུ་འཐུ་ཐབས་དང་། འཐུ་ཁྱོན། འཐུ་བའི་དུས་བཀག་དང་དེ་བཞིན་འབྲེལ་ཡོད་དོ་དམ་བྱ་ཐབས་བཅས་གཏན་འཁེལ་བཟོས་ནས་ས་གནས་ཀྱིས་དོ་དམ་སྲོལ་ཡིག་ལ་གཞིགས་ཏེ་རྒྱ་ཆེའི་འབྲོག་པར“དབྱར་རྩྭ་དགུན་འབུ་འཐུ་བའི་ལག་ཁྱེར”ཞིབ་དཔྱད་བྱས་ནས་སྤྲད་པས། འབྲོག་པ་ཚོས་དབྱར་རྩྭ་དགུན་འབུ་འཐུ་རིང་ལག་ཁྱེར་བཏགས་ནས་རི་རྩེར་འགྲོ་དགོས་ཀྱི་ཡོད། བཅའ་སྡོད་ལས་བྱེད་པས་འབྲོག་པར“དབྱར་རྩྭ་དགུན་འབུ་ཆེ་བ་ལས་ཆུང་བ་མི་འཐུ་བ་དང་། ས་ཁོད་སྙོམས་པོ་བཟོ་དགོས་པའི”མཛུབ་སྟོན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཆོག་པའི་འགན་ལེན་བྱེད་པ་དང་། ས་གནས་ཉེན་རྟོག་པས་ཉིན་ལྟར་སྐོར་གཡེང་ཞིབ་བཤེར་བྱས་ཏེ་དབྱར་རྩྭ་དགུན་འབུ་འཐུ་རིང་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་ཡང་བྱེད་ཀྱི་ཡོད། དབྱར་རྩྭ་དགུན་འབུ་ནི་འབྲོག་པའི་ཡོང་འབབ་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་དང་། གསེར་ཊ་ཤང་གི་དབྱར་རྩྭ་དགུན་འབུ་འཐུ་མཁན་འབྲོག་པ་དཔལ་དགའ་ཡིས“ད་ཆ་དབྱར་རྩྭ་དགུན་འབུ་འཐུ་བའི་སྒྲིག་ལམ་སྔར་བས་ལེགས་སུ་ཕྱིན་ཏེ་ཉིན་ལྟར་ཞོགས་པར་ང་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་རི་རྩེར་འགྲོ་བ་དང་། ས་སྲོད་ལ་བདེ་མ་ཐང་མའི་ངང་འབུ་བཏུས་ནས་ལོག་ཡོང་རྒྱུ་འདུག”ཅེས་བཤད། གངས་རིས་སྲོལ་རྒྱུན་གྱི་འཚོ་ཐབས་དང་དེང་རབས་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་གཉིས་ཟུང་འབྲེལ་ཟབ་མོ་བྱུང་ཚུལ་ལ་དཔང་པོ་བྱེད་བཞིན་ཡོད།