དང་བླངས་བྱ་སྤྱོད་སྤེལ་ནས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ།
འདི་ནི་དང་བླངས་པས་གཙང་འགྲམ་དུ་གད་སྙིགས་སྒྲུག་བཞིན་པ།
ཉེ་ཆར། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་སིའི་ཆུ་ཐོག་སྐྱེལ་འདྲེན་ཅུས་དང་པོའི་ལྷ་སའི་ཆུ་བཟོ་གྲྭའི་རྣམ་གྲངས་པུས་ལས་མི་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ“ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་ལྷ་ས་སྐྱིད་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ལྷ་ས་སྐྱིད་ཆུའི་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་བྱ་སྤྱོད་སྤེལ་ཡོད། བྱེད་སྒོ་སྤེལ་རིང་། ལས་བཟོ་དང་བླངས་པ་ཚོས་ལག་ཏུ་གད་སྙིགས་སྒྲུག་པའི་སྐམ་པ་དང་འགྱིག་རས་སོགས་ཁྱེར་ནས་ཆུ་ཡུར་ངོགས་གཉིས་ཀྱི་འགྱིག་དམ་དང་། ཐ་མག་ཕྲུག་ལྷག བེད་མེད་ཐུམ་སྒྲིལ་དངོས་པོ་སོགས་ཀྱི་གད་སྙིགས་ཚང་མ་བསྒྲུགས་པ་རེད། ཆུ་ཚོད་4ལས་ཀ་བྱས་པ་བརྒྱུད། གད་སྙིགས་སྣ་ཚོགས་སྤྱི་རྒྱ་200ལྷག་ཙམ་བསྒྲུགས་ནས་ཚུར་བསྡུ་རུང་བའི་གད་སྙིགས་དག་ཐུམ་སྒྲིལ་བརྒྱབ་པས་ཐོན་ཁུངས་ཅན་བཞིན་བེད་སྤྱོད་ཐུབ་ཡོད།