ཀྲང་དབྱིང་དང་ཁོང་གི་སོར་རྩེ་ལས་ཐོན་པའི་བོད་ཀྱི་མཛེས་ཉམས།
འདི་ནི་ཀྲང་དབྱིང་གིས་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་བའི་རང་ཉིད་ཀྱི་རི་མོའི་འགྲེམས་སྟོན་ཐོག་ཞུགས་པའི་པར་ཡིན་པ། (ཟླ་5ཚེས་13ཉིན་པར་བརྒྱབ) (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་བརྒྱབ་པའི་པར)
འདི་ནི་ཀྲང་དབྱིང་གིས་བོད་ལྗོངས་མཛེས་རྩལ་ཁང་དུ་རང་ཉིད་ཀྱི་རི་མོའི་འགྲེམས་སྟོན་ལ་ལྟ་བཞིན་པ།
འདི་ནི་སྟར་སྒྲིག་འདྲ་པར་ཞིག་ཡིན་ཞིང་། གོང་གི་པར་ནི་1973ལོར་བོད་དུ་སླེབས་ནས་ཡུན་རིང་མ་སོང་བའི་ཀྲང་དབྱིང་གིས་བར་སྐོར་རྒྱུད་ཀྱི་ཁང་སྟེང་དུ་རི་མོ་འབྲི་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས) གཤམ་གྱི་པར་ནི་ཀྲང་དབྱིང་གིས་ལྷ་སར་ཡོད་པའི་རང་ཉིད་ཀྱི་རི་མོ་ཁང་དུ་རི་མོ་འབྲི་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་ཟླ་5ཚེས་13ཉིན་བརྒྱབ་པའི་པར) ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།
རི་མོ་མཁས་ཅན་ཀྲང་དབྱིང་བོད་དུ་འཚོ་བ་བསྐྱལ་ནས་ལོ་53སོང་ཞིང་། དེའི་རིང་ཁོང་གིས་གར་སྟེགས་ཇུས་འགོད་དང་། དམངས་སྲོལ་པར་ལེན། ཉར་ཚགས་ཞིབ་འཇུག མཛེས་རྩལ་རྩོམ་སྒྲིག དུས་དེབ་གཙོ་སྒྲིག་སོགས་ཀྱི་ལས་ཀ་སྣ་ཚོགས་བྱེད་མྱོང་མོད། འོན་ཀྱང་ཁོང་གིས་སྤོབས་པ་ཆེ་ཤོས་བྱེད་པ་ནི་རང་ཉིད་ཀྱི་སྨྱུག་རྩལ་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་མཛེས་ཉམས་རི་མོར་ཕབ་སྟེ། དུས་རབས་ཀྱི་འཕོ་འགྱུར་ཁྲོད་བོད་ཀྱི་ཆེས་བབ་ཆགས་དང་ཆེས་མངོན་སུམ་གྱི་ཉམས་མདངས་བཀོད་པ་དེ་རེད།
1972ལོར་ལོ་22ལ་སླེབས་པའི་ཧྲའན་ཤིས་ཀྱི་ཕོ་གསར་ཀྲང་དབྱིང་ཟློས་གར་ཚོགས་པའི་གར་སྟེགས་མཛེས་བཟོ་བ་ཞིག་གི་ངོས་ནས་ས་ཐག་རིང་བའི་བོད་ལྗོངས་སུ་ལས་ཀ་བྱེད་པར་ཡོང་བ་རེད། ཐོག་མར་ཁོང་གིས་ཉིན་ལྟར་རྐང་འཁོར་བཞོན་ཏེ་རི་མོ་འབྲི་ཆས་ཀྱི་སྒམ་འཁྱེར་ནས་ལྷ་སའི་ཁྲོམ་གཞུང་ཆེ་ཆུང་དང་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་ནང་དུ་རི་མོ་འབྲི་བར་འགྲོ་གི་ཡོད། ཕྱིས་སུ་ཁོང་གིས་རླངས་འཁོར་ལ་བསྡད་ནས་བར་ཐག་སྤྱི་ལེ་བརྒྱ་ཕྲག་ཡོད་པའི་གྲོང་གསེབ་དང་། རྩྭ་ཐང་། རི་མཐོ། ཤིང་ནགས་བཅས་སུ་བསྐྱོད་ནས་རི་མོ་འབྲི་འགོ་བརྩམས། དེ་རྗེས་ཀྱི་ལོ་ཟླ་མང་པོའི་རིང་ཁོང་གིས་ས་མཐོའི་རི་ཆུ་ཚང་མ་འགྲིམས་ཏེ་ཡུལ་ལྗོངས་དང་མི་སྣའི་རི་མོ་འབྲི་བ་དང་བོད་ཀྱི་ཉམས་འགྱུར་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཐད་རང་ཉིད་ཀྱི་མྱོང་ཚོར་རི་མོའི་ཐོག་ནས་མཚོན་པར་བྱས་ཡོད།
རི་མོ་བྲིས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་འདས་ཤིང་། ཐ་ན་2013ལོར་རྒན་ཡོལ་ཞུས་རྗེས་ཀྲང་དབྱིང་གིས་ལོ་ལྟར་ལོ་ཕྱེད་ཙམ་བོད་དུ་ལོག་ནས་རི་མོ་འབྲི་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཁོང་གིས“ངའི་རི་མོ་ནི་ངའི་སེམས་ནང་གི་བོད་ལྗོངས་ཡིན་ཞིང་། རང་བྱུང་ཁམས་ཆེན་པོ་དང་འཚོ་བར་བརྩེ་བས་ཁེངས་པའི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན། བོད་དུ་སྡོད་པའི་ལོ་50ལྷག་ཙམ་རིང་། ངས་སེམས་ནུས་ཡོད་ཚད་བོད་ཀྱི་ས་གཞི་ཆེན་པོར་བཏོན་པ་ཡིན”ཞེས་བརྗོད།