དབུ་ཤོག>པར་མཛོད།
  • གནད་འཕིགས་ཤུགས་འདོན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    2024ལོའི་བོད་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་བརྟན་ཁྲོད་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-04

    འདི་ནི་ཧུའུ་པེ་ཨན་ཆི་ཚོགས་པས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་བཙུགས་པའི་བོད་ལྗོངས་ཨན་ཆི་སྐྱེ་དངོས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་རིག་ནུས་ཐོན་སྐྱེད་འཁོར་ཁང་ཡིན་པ།

    འདི་ནི་བོད་ལྗོངས་ཨན་ཆི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སྐྱེ་ཕན་ཕྲ་སྲིན་ཡིན་པ།

    2024ལོར། བོད་ཀྱི་མ་འཇོག་སྐུལ་སྤེལ་ལས་དོན་བརྟན་ཁྲོད་ཡར་འཕེལ་གྱི་རྣམ་པ་མངོན་ཞིང་། ཐོན་ལས་ཆེན་པོ་དགུ་ཡིས་ནུས་ཤུགས་གང་ཡོད་བཏོན་ནས་ནུས་རྒྱུ་གསར་སྤེལ་དང་གཏེར་རྫས་སྔོག་འདོན་སོགས་རྣམ་གྲངས་གལ་ཆེན་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ནས་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར་674ཟིན་པ་དེ་དུས་མཚུངས་ལས་19%འཕར་བ་དང་། ཚོང་འགུགས་རྣམ་གྲངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་440ལས་བརྒལ་བ། ལྗོངས་ནང་ཁུལ་གྱི་མི་ཁྲི་1.7ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་པ། ངལ་ནུས་ཕྱིར་གཏོང་ཡོང་འབབ་སྒོར་དུང་ཕྱུར་2.8ལྷག་ཙམ་བྱུང་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་མ་ཟད“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    མ་འཇོག་གི་ཁྱབ་ཁོངས་སླར་ཡང་རྒྱ་སྐྱེད་བཏང་བས་མ་དངུལ་ནང་འདྲེན་གཞི་ཁྱོན་གྱི་ཟིན་ཐོ་གསར་པ་བཏོད་པ།

    2024ལོར། བོད་དུ་ཚོང་འགུགས་མ་འདྲེན་རྣམ་གྲངས་972ལག་བསྟར་བྱས་པ་དང་གྲོང་ཁྱེར་དང་ས་གནས་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དང་གནད་སྨིན་ཇུས་བསྟར་བྱས་ནས་རྣམ་གྲངས་དང་། ཐོན་ལས། གླིང་ཁུལ། བོད་སྐྱོར་ཚོང་འགུགས་བཅས་ཤུགས་ཆེན་སྤེལ་ཏེ་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པར་གྲུབ་འབྲས་ཐོན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཐུན་མོང་མ་ཡིན་པའི་གནས་བབ་ལེགས་ཆ་དང་སྲིད་ཇུས་བཟང་པོར་བརྟེན་ནས་ཐུང་རེན་ཐང་དང་། ཝང་ཧྥུའུ་ཅིང་། ཆོན་ཅུས་ཏེ་སོགས་རྒྱལ་ནང་གི་ཚོང་དོན་ཞབས་ཞུའི་ཁེ་ལས་གྲགས་ཅན་ཁག་གཅིག་ལྷ་སར་གཞི་ཚུགས་པའི་ཡིད་དབང་བཀུག་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས་ཁྱད་ལྡན་ཞིང་ལས་ལ་དམིགས་ཏེ། ས་མཐོའི་གྲོ་དང་ཁ་ཆེ་ཤ་སྐམ་འདེབས་གསོ་རྟེན་གཞིའི་རྣམ་གྲངས་ནང་འདྲེན་ཧུར་ཐག་བྱས་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ། ལྷོ་ཁ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཀྲུང་གོ་རླངས་འཁོར་ཚོགས་པ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ས་ཁུལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་པ། ཉིང་ཁྲི་གྲོང་ཁྱེར་གྱིས་ཐོན་ལས་རིམ་སྤོར་ལ་སྣང་ཆེན་བྱས་ཏེ་གཙོ་གནད་ཐོག་རྣམ་གྲངས་གལ་ཆེན་ལ་དམིགས་ནས་སླར་ཡང་ཚོང་འགུགས་བྱས་ཏེ་མཐོ་རྩོད་ཨར་འདམ་དང་། ནུང་ཧྥུའུ་གཏེར་ཆུ། ཀེ་ཀྲོའུ་ཆུ་རགས་ཚོགས་པ་སོགས་སྤུས་ཚད་མཐོ་བའི་ཁེ་ལས་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་ཉིང་ཁྲིར་གཞིས་ཆགས་པ། ཆབ་མདོ་ཏ་ཐང་བོད་ཤར་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་ཐད་ངོ་བོའི་འཕེལ་རྒྱས་བྱུང་བ། ནག་ཆུ་དང་མངའ་རིས་ཀྱི“ས་གྲོལ”གླིང་ཁུལ་དང“ས་གྲོལ”རྣམ་གྲངས་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་གིས་རྒྱུན་མཐུད་འབད་བརྩོན་བྱས་པས་ཚྭ་མཚེའུ་ལིས་ལས་སྣོན་སོགས་ཐོན་ལས་ཀྱི་ཚོང་འགུགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    2024ལོར། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ཚོང་འགུགས་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྱོན་བསྡོམས་བྱེད་སྒོ་ཐེངས་21གཉེར་བར་ཞུགས་མཁན་ཁེ་ལས་1900ལྷག་ཙམ་དང་། གན་རྒྱ་བཞག་པའི་རྣམ་གྲངས་98དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་415ཟིན་ནས་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁོངས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ཚོང་འགུགས་ཀྱི་ལས་དོན་ཁྱབ་ཡོད། བྱེད་སྒོ་དེ་དག་བརྒྱུད་བོད་ཀྱིས་ཕྱི་ཕྱོགས་སུ་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་། གཟིགས་སྐྱོང་སྲིད་ཇུས། ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཅས་བསྟན་ནས་ཁེ་ལས་མང་པོའི་ཡིད་དབང་བཀུག་ཡོད།

    མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་བཏང་བས་བོད་སྐྱོར་གྱི་གསོན་ཤུགས་འཕེལ་བ།

    2024ལོའི་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་ཁྲོད། ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་གང་ལེགས་བཏོན་ནས་ཚོང་འགུགས་མ་དངུལ་དམིགས་སར་འབྱོར་བའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཡོད། ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་རྣམ་གྲངས་200ལྷག་ཙམ་དོན་འཁྱོལ་བྱས་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་100ལྷག་ཙམ་ལེགས་སྒྲུབ་བྱས་པ། རིམ་རྩིས་བརྒྱབ་ན་མི་10117ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཚད་ཤིང་ཞིག་ཏུ་གྱུར་ཡོད།

    2024ལོར། བོད་སྐྱོར་ཚོང་འགུགས་མ་འདྲེན་དེ་བོད་ཀྱི་མ་འཇོག་སྐུལ་སྤེལ་ལས་དོན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། ལོ་ཧྲིལ་པོར་བོད་སྐྱོར་རྣམ་གྲངས་ཁྱོན་བསྡོམས་1078ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་53.2བཏང་བ། བོད་སྐྱོར་ཚོང་འགུགས་ཀྱི་མ་དངུལ་སྒོར་དུང་ཕྱུར་271.74ཟིན་ཡོད་པ་རེད། ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི“གཉིས་འགུགས་གཉིས་འདྲེན”གྱི་འོས་སྦྱོར་ཚོགས་འདུར་ཚོང་འགུགས་མ་འདྲེན་འགུག་རྣམ་གྲངས་18ལ་གྲུབ་འབྲས་ཐོབ་པའི་ངང་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར་104.07གཏོང་འདོད་ཡོད་པ་དང་དུས་མཚུངས་ཤེས་ལྡན་པ12ནང་འདྲེན་བྱ་རྒྱུའི་གན་རྒྱ་བཞག་པ་དང་། བོད་སྐྱོར་ཚོང་འགུགས་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་བོད་སྐྱོར་ལས་བྱེད་པའི་ནུས་པ་གང་ལེགས་བཏོན་ཏེ་བོད་སྐྱོར་ཚོང་འགུགས་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ཡོད། ཞིང་ཆེན་དང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་17དང་མཉམ་དུ་ཚོང་འགུགས་དང་གྲགས་ཅན་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་ནས་རང་སྐྱོང་ལྗོངས་དང་སི་ཁྲོན་དང་མཚོ་སྔོན་སོགས་ཞིང་ཆེན་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དཔལ་འབྱོར་བོད་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཞབས་ཞུའི་ཕན་འབྲས་སླར་ཡང་མཐོ་རུ་བཏང་བས་ཚོང་ གཉེར་ཁོར་ཡུག་ལེགས་གཏོང་གི་སེམས་ཤུགས་འཕེལ་བ།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མ་འཇོག་སྐུལ་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ཚོང་འགུགས་མ་འདྲེན་དང་ཚོང་གཉེར་ཁོར་ཡུག་གི་ཞིབ་ཕྲའི་བྱེད་ཐབས་79ཞིབ་འཇུག་དང་གཏན་འཁེལ་བྱས་ནས་མ་འཇོག་སྐུལ་སྤེལ་ལས་དོན་ལ་སྲིད་ཇུས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།

    2024ལོར། ལྗོངས་ཡོངས་ཀྱི་སྡེ་ཚན་ཁག་དང་ཐིང་དང་ཅུས་ཁག་གིས་མཐུན་སྦྱོར་ཧུར་ཐག་བྱས་ནས་སྲིད་དོན་ཞབས་ཞུའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྣམ་གྲངས་ཞབས་ཞུའི་ལམ་སྲོལ་གསར་གཏོད་སོགས་ཕྱོགས་མང་པོའི་ཐོག་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་ཀྱིས་བོད་དུ་བློ་བདེའི་ངང་མ་འཇོག་དང་། བློ་བདེའི་ངང་ཚོང་གཉེར། བློ་བདེའི་ངང་འཕེལ་རྒྱས་བཅས་བྱེད་པའི་འགན་ལེན་དང་ཚོང་འགུགས་མ་འདྲེན་ལས་དོན་ཏན་ཏིག་སྒྲུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འཕེལ་སྒྱུར་དང་། རང་བྱུང་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོང་། མི་སྤྱི། འགྲིམ་འགྲུལ་སོགས་སྡེ་ཚན་གྱིས་རང་འགུལ་ངང་ཁེ་ལས་ཀྱི་དོ་ཁུར་ལ་ལན་བརྒྱབ་ནས་གནད་དོན་མགྱོགས་མྱུར་ཐག་གཅོད་བྱས་ཏེ། ཕྱོགས་མང་པོའི་ཐུན་མོང་འབད་བརྩོན་འོག ལྗོངས་ཡོངས་ཀྱི་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས་ཁེ་ལས་དེ་བས་མང་བ་བོད་དུ་གཞི་ཚུགས་པའི་ཡིད་དབང་འགུག་བཞིན་ཡོད་པ་དང་། ས་ཁོངས་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ་བོད་དུ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།