བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
སྤྱི་ཚོགས་གསར་རྙིང་བརྒྱུད་མྱོང་བའི་བསོད་བཀྲ།
འདི་ནི་བགྲེས་སོང་བསོད་བཀྲ་ཡིན་པ།
འདི་ནི་བགྲེས་སོང་བསོད་བཀྲ་དང་ནང་མི་ཚོ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།
ལོ་92ལ་སླེབས་པའི་བསོད་བཀྲའི་ཁྱིམ་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཆུ་བཟང་གྲོང་ཚོའི་ཆུ་བཟང་ཆུ་ཚན་གྱི་འགྲམ་དུ་ཡོད། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དངོས་སུ་བརྒྱུད་མྱོང་བའི་ཁོང་གིས་བབ་ཆགས་ཤོས་ཀྱི་སྐད་ཆར་བརྟེན་ཏེ་རང་ཉིད་ཞིང་བྲན་ཞིག་ནས་རང་ལུས་རང་དབང་ཡོད་པ་ཞིག་ཏུ་གྱུར་བའི་འཕོ་འགྱུར་བརྗོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཇི་ལྟར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱའི་སྣེ་ཁྲིད་དེ་ཡར་ལངས་བཅིངས་འགྲོལ་བཏང་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་བདེན་དཔང་བྱས་པ་རེད།
བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག ཞིང་བྲན་བདག་པོས་ས་ཞིང་དང་ཐོན་ཁུངས་ཡོད་ཚད་བདག་ཏུ་བཟུང་བ་དང་། ཞིང་བྲན་རྣམས་མི་རབས་ནས་མི་རབས་བར་བྲན་གཡོག་རྒྱུག་རྒྱུ་ཁོ་ན་མ་གཏོགས་ལ་རྒྱ་ཟེར་བ་གཏན་ནས་མེད། “ཞིང་ལས་ཡོད་ཚད་ང་ཚོས་ལས་རུང་ཐོན་འབབ་ཚང་མ་ཞིང་བྲན་བདག་པོར་དབང་ཡོད། གལ་སྲིད་ང་ཚོས་བྱས་པའི་ལས་ཀ་དེ་ཁོ་པ་ཚོའི་བློ་ལ་མ་བབས་ཚེ། ཉེས་རྡུང་གཟེད་རྒྱུ་ལས་གཞན་གང་ཡང་མེད། མལ་ཆས་རྙིང་ཧྲུལ་ཞིག་ལས་མེད་སྟབས་གྲང་ངད་ཆེ་བའི་དགུན་གྱི་མཚན་མོ་འཁྱོལ་ཁག་པོ་འདུག སྐབས་དེ་དུས་ཉལ་ས་ཆར་རླུང་འགོག་ཐུབ་ཙམ་ཞིག་ཡོད་ན་དངོས་འབྲེལ་ཡག་པོ་རེད་ཅེས་བརྗོད་ཆོག མི་མང་པོ་ཞིག་ལ་སྡོད་ས་མེད་པས་དྲག་ཆར་རླུང་འཚུབ་ཇི་ལྟར་ལྡང་རུང་གཡོལ་ས་མེད”ཅེས་བགྲེས་སོང་བསོད་བཀྲས་བཤད།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་པས། ཞིང་བྲན་ཁྲི་ཚོ་བརྒྱར་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུ་བྱུང་ཞིང་། ཞིང་བྲན་ཁྲི་སྟོང་མང་པོ་དང་འདྲ་བར་བསོད་བཀྲ་ལའང་ས་ཞིང་དང་སྒོ་ཕྱུགས་བགོ་བཤའ་རག་ཡོད།
1959ལོ་ནས་1998ལོའི་བར་བགྲེས་སོང་ཁོང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཤང་ཀྲང་གི་འགན་སྔ་རྗེས་སུ་ཁུར་ཞིང་། རྟ་བཞོན་ནས་ལེ་དབར་བཅུ་ཕྲག་སར་ཡོད་པའི་ཤང་དང་གྲོང་ཚོ་ཁག་ཏུ་ཏང་གི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་དང་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་བསྐྱོད་པ་དང་། 1974ལོར་བགྲེས་སོང་ཁོང་བོད་རང་སྐྱོང་ལྗོངས་ཞིང་ལས་ལྟ་སྐོར་ཚོགས་པ་དང་མཉམ་དུ་མེས་རྒྱལ་ནང་སར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། ཁོང་གིས་རྟག་ཏུ་སྐབས་དེ་དུས་ལྟ་སྐོར་ཚོགས་པའི་ཁོངས་མི་དང་མཉམ་དུ་གནམ་བདེ་སྒོ་མོ་ཆེར་མཉམ་པར་ཞིག་བརྒྱབ་པ་དེ་བཏོན་ནས་གཞན་ལ་ངོམ་སོའི་ཚུལ་དུ་སྟོན་གྱི་ཡོད། “ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག”བགྲེས་སོང་གི་གདོང་ནས་འཛུམ་མདངས་འཕྱུར་ཞིང་ཡུལ་མི་ཁྱིམ་མཚེས་ཚོ་དང་མཉམ་དུ་ཆང་རག་འཐུང་གིན་ལས་སླ་པོར་བྱུང་བ་ཞིག་མིན་པའི་འཚོ་བ་གསར་པའི་སྐོར་གླེང་ནས་དུས་འདའ་བར་བྱེད་ཀྱི་ཡོད། “ད་ཆ་ཟས་གོས་ལ་སེམས་ཁྲལ་མེད་པར་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ལ། རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་དགོས་མེད། འཚོ་བ་འདི་འདྲ་སྔོན་ཆད་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་ཁོང་གིས་བཤད། ད་ཆ་བགྲེས་སོང་ཁོང་གིས་རྒན་གསོའི་དངུལ་དང་སྨན་བཅོས་འགན་བཅོལ་སོགས་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་བཞིན་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་དང་མཉམ་དུ་འཆམ་མཐུན་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་མཆིས།
(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ)