སྐྱིད་པའི་ལོ་གསར་ཤར་ཡང་། མེ་ཟོན་གནང་རྒྱུ་མ་བརྗེད།
འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་པས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བར་ནགས་ཁུལ་གྱི་མེ་ཟོན་རྒྱུན་ཤེས་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་ཤོག་སྦག་ཚོང་ཁང་དུ་བསྐྱོད་དེ་ཚོང་པར་མེ་ཟོན་བདེ་འཇགས་རྒྱུན་ཤེས་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་རྒན་རྒོན་ཚོར་ཁྱིམ་ཚང་དུ་མེ་ཟོན་ཇི་ལྟར་བྱེད་དགོས་ལུགས་གསལ་འགྲེལ་རྒྱག་བཞིན་པ།
ལོ་གསར་རིང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཟའ་བཏུང་རོལ་རྩེད། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་འགྲུལ་པ་མང་བའི་དུས་ཚིགས་ཤར་བས། ཁྱིམ་ཚང་གི་མེ་དང་། གློག སོལ་རླངས་བཅས་སྤྱོད་ཚད་མང་དུ་ཕྱིན་ཡོད་ལ། མང་ཚོགས་ཡུལ་སྐོར་དུ་འགྲོ་ཚད་ཀྱང་མང་དུ་ཕྱིན་ཡོད། ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པས”ལོ་གསར་རིང་མེ་སྐྱོན་སྔོན་འགོག་བྱེད་པའི་ལས་ཀའི་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་རིམ་སྤེལ་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།
དེའི་རིང་། འཆད་ཁྲིད་ཚོགས་པའི་དྲིལ་བསྒྲགས་པས་གཙོ་བོ་མཛོད་ཉར་ཟོག་འགྲེམས་དང་། མེ་འཁོར་བབས་ཚུགས་དང་གནམ་ཐང་། གྲོང་ཁུལ་རྙིང་པའི་གྲོང་མིའི་སྒོ་ར། སྡེ་ཁུལ་དང་ཁྲོམ་གཞུང་། མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་། རིག་དངོས་དང་གནའ་བོའི་སྐྲུན་དངོས། ནགས་རིའི་མཛེས་ལྗོངས་ཁུལ་སོགས་སུ་བསྐྱོད་དེ། དེ་གར་ཡོད་པའི་མང་ཚོགས་དང་བྱེད་སྒོ་སྤེལ་ཡུལ་ཁག་གི་ལས་མི་སོགས་ལ་མེ་ཟོན་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་མ་ཟད། དེ་སྔའི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་མེ་སྐྱོན་གྱི་འབྱུང་རྐྱེན་དང་། ཤུགས་རྐྱེན། སྔོན་འགོག་གི་གཙོ་གནད་བཅས་ལ་གསལ་འགྲེལ་བྱས་ཏེ། ཚང་མས་དུས་ཐོག་ཏུ་མེ་སྐྱོན་སྔོན་འགོག་ལ་དོ་སྣང་དང་། ཤོག་སྦག་ལུགས་མཐུན་སྤོར་བ། ཁྱིམ་ཚང་དང་། ལས་ཁུངས། ཚོང་ཁང་བཅས་ཀྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ། ཕྱི་རོལ་དུ་མེ་གང་བྱུང་དུ་མི་སྤྱོད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ཡག་པོ་བྱེད་པ། རྒྱུན་གཏན་ནས་མེ་གསོད་རྒྱུན་ཤེས་གཙོ་གནད་ཐོག་སློབ་སྦྱོང་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་ངོས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་རྒྱུན་ཆད་མེད་པ་གཏོང་རྒྱུའི་དྲན་སྐུལ་བྱས་པ་རེད།