དབུ་ཤོག>པར་མཛོད།
  • བརྟན་སྲུང་དང་རྒྱུན་འཛིན།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོའི་ལོ་གསར་མེ་ཏོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-22

    ❋ “ལོ་གསར་མེ་ཏོག”ནི་གྲོ་དང་ནས་ཀྱི་སྙེ་མར་ཚོས་བརྒྱབ་ནས་བཟོས་པའི་མེ་ཏོག་ཅིག་རེད། ལོ་གསར་གཏོང་སྐབས་མི་རྣམས་ཀྱིས་རྩམ་པ་དང་གྲོ་བླུགས་པའི“ཕྱེ་མར་འབོའི”སྟེང་ལོ་གསར་མེ་ཏོག་བཙུགས་ནས་ལོ་གསར་པར་བདེ་སྐྱིད་ཕུན་སུམ་ཚོགས་པོ་དང་ལོ་ལེགས་འབྲས་བཟང་སྨིན་པའི་འདུན་པ་མཚོན་པར་བྱེད། ❋ 2018ལོར་བཟང་མོ་གྲོང་ཚོའི་ལོ་གསར་མེ་ཏོག་བཟོ་རྩལ་ལྷ་ས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་གཞུང་ནང་བཅུག་ཡོད།

    འདི་ནི་མེ་ཏོག་བྲེག་བཞིན་པ།

    འདི་ནི་མེ་ཏོག་ཉི་སྐམ་གཏོང་བཞིན་པ།

    འདི་ནི་ཚོས་རྒྱུ་བཙོ་བཞིན་པ།

    འདི་ནི་མེ་ཏོག་འདེམས་བཞིན་པ།

    འདི་ནི་མེ་ཏོག་ལ་ཚོས་རྒྱག་བཞིན་པ།

    འདི་ནི་ལོ་གསར་མེ་ཏོག་ཡིན་པ།

    “ལོ་གསར་མེ་ཏོག”བཟོ་བ།

    ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོར་བསྐྱོད་པ་ཡིན། གྲོང་ཚོ་དེར་དུད་ཚང་157དང་ཡུལ་མི་700ལྷག་ཙམ་ཡོད་པའི་དུད་ཚང་ཚང་མས་མེས་པོས་བཞག་པའི“ལོ་གསར་མེ་ཏོག”བཟོ་རྩལ་རྒྱུན་འཛིན་བྱས་ཡོད།

    བཟང་མོ་གྲོང་ཚོར་སྐྱོད་སྐབས་ཐང་ཆེན་དུ་ཡུལ་མི་ཚོས་དྲོ་སོབ་སོབ་ཀྱི་ཉི་འོད་འོག“ལོ་གསར་མེ་ཏོག”བཟོ་བར་བྲེལ་བཞིན་འདུག ལ་ལས་ཚོས་རྒྱུ་བཙོས་ནས་གྲོ་དང་ནས་ཀྱི་སྙེ་མར་ཚོས་རྒྱག་པ། ལ་ལས་ཉི་སྐམ་བཏང་ཟིན་པའི“ལོ་གསར་མེ་ཏོག”ཆག་པ་རྒྱག་བཞིན་འདུག ལོ་64ལ་སླེབས་པའི་ཡུལ་མི་འཆི་མེད་སྒྲོལ་དཀར་གྱིས་གྲོགས་མོ་ཁ་ཤས་དང་མཉམ་དུ“ལོ་གསར་མེ་ཏོག”ཆག་པ་རྒྱག་ཞོར་གསར་འགོད་པར་ལོ་གསར་མེ་ཏོག་གི་སྐོར་ངོ་སྤྲོད་བྱས།

    ལོ་ལྟར་གྱི་ཟླ་བ་12པ་ནས་བཟུང་། བཟང་མོ་གྲོང་ཚོའི་གང་སར“ལོ་གསར་མེ་ཏོག”མཐོང་རྒྱུ་ཡོད། ཞོགས་པ་ནམ་མ་ལངས་གོང་ནས་ཡུལ་མི་ཚོས“ལོ་གསར་མེ་ཏོག”བཟོ་བར་བྲེལ་བཞིན་ཡོད། ལ་ལས་བཟོས་ཟིན་པའི“ལོ་གསར་མེ་ཏོག”ཐུམ་སྒྲིལ་བརྒྱབ་ནས་ལྷ་ས་གྲོང་ཁྱེར་དུ་འཚོང་བར་སྐྱོད་པ་དང་། ལ་ལས་གྲོ་དང་ནས་ཀྱི་སྙེ་མ་ལྷག་མར་མུ་མཐུད་ཚོས་རྒྱག་པ་དང་ཉི་སྐམ་གཏོང་གི་ཡོད། “ང་རང་ཆུང་དུས་ནས་རྒན་རབས་ཚོས‘ལོ་གསར་མེ་ཏོག”བཟོ་བ་མཐོང་མྱོང་། ལོ་7ནས་བཟུང་ཆག་པ་རྒྱག་རོགས་བྱེད་པ་དང་ལོ་20ནས་བཟུང་ང་རང་གཅིག་པུས་བཟོ་ཐུབ་ཀྱི་ཡོད། དུས་ཚོད་འདིར་སླེབས་རིམ་བཞིན་ངས་ལོ་གསར་འཆར་ཉེར་ཡོད་པ་ཚོར་གྱི་འདུག”ཅེས་ལོ་64ལ་སླེབས་པའི་ཡུལ་མི་སྒྲོལ་མ་ཚེ་རིང་གིས་དྲན་གསོ་བྱེད་བཞིན་དུ་བཤད།

    དཔྱིད་ཀར་འདེབས་པ་ནས་དགུན་ཁར་ཚོས་རྒྱག་པའི་བར།

    དཔྱིད་རྨོ་དང་། དབྱར་འདེབས། སྟོན་བསྡུ་བཅས་ནས་དགུན་ཁ་ཚོས་རྒྱག་པ་དང་། ཉི་སྐམ་གཏོང་བ། ཆག་པ་རྒྱག་པ། ཕྱིར་ཚོང་བཅས་བར“ལོ་གསར་མེ་ཏོག”བཟོ་བའི་བརྒྱུད་རིམ་རྙོག་འཛིང་ཆེ་བ་དང་འདེབས་འཛུགས་དང་ཚོས་རྒྱག་པའི་བརྒྱུད་རིམ་ཚང་མ་ཧ་ཅང་དཀའ་ལས་ཁག་པོ་ཡོད། སྒྲོལ་མ་ཚེ་རིང་གིས་གསར་འགོད་པར“ལོ་ལྟར་གྱི་ཟླ་བ་4པ་ནས་བཟུང་། ང་ཚོས་གྲོ་དང་ནས་འདེབས་འགོ་འཛུགས་པ་དང་ཆུ་ལུད་རྒྱག་གི་ཡོད། ཟླ་བ་9པར་བརྔ་བསྡུ་བྱེད་སྐབས། ང་ཚོས་སྙེ་རྡོག་ཆེ་བ་རྣམས་བདམས་ནས་ཆག་པ་བརྒྱབ་རྗེས་པགས་པ་བཤུས་ཏེ་ཉི་སྐམ་གཏོང་གི་ཡོད། ཟླ་བ་10པར། ཉི་མར་ཁ་གཏད་པ་དང་ཙི་ཙི་མེད་པའི་ཁང་པ་ཡག་པོ་ཞིག་གི་ནང་དུ་ཆག་པ་དང་ཆག་པ་བྱས་ནས་འཇོག་གི་ཡོད། ཟླ་བ་11པར། ཚོས་རྒྱུ་དང་ཆག་པ་རྒྱག་པའི་བལ་སྐུད་ཉོ་གི་ཡོད”ཅེས་བཤད།

    སྒྲོལ་མ་ཚེ་རིང་གིས་ཚོས་རྒྱུ་ཆུ་འཁོལ་ནང་བླུགས་ནས་དཀྲུག་དཀྲུག་ཡང་ཡང་བཏང་སྟེ་རྡོག་རྡོག་མ་ཆགས་པ་བྱས་རྗེས། ཁོང་གིས་གྲོ་དང་ནས་ཀྱི་སྙེ་མ་དེའི་ནང་དུ་བླུགས་ནས་ཡང་སྐོར་བསྐྱར་སྐོར་གྱིས་སྦངས་རྗེས་ཕྱིར་འདོན་གྱི་ཡོད། དེ་ལྟར་ཐེངས་འགའ་བྱས་རྗེས། ཚོས་ཟུག་པའི་གྲོ་དང་ནས་ཀྱི་སྙེ་མ་ཉི་སྐམ་གཏོང་བ་དང་ཆག་པ་བརྒྱབ་ནས་འཚོང་གི་ཡོད། “ཚོས་མ་བརྒྱབ་གོང་ཚོས་རྒྱུ་སྙོམས་པོ་བྱུང་ཡོད་མེད་ཡང་ཡང་ལྟ་དགོས་པ་དང་། སྔོན་ལ་རྐང་གཅིག་ལ་ཚོད་ལྟ་བྱེད་དགོས་པ་དང་ཚོས་ཡག་པོ་ཟུག་རྗེས་ཚང་མ་མཉམ་དུ་བླུགས་ནས་ཡང་སྐོར་བསྐྱར་སྐོར་གྱིས་བཙོ་གི་ཡོད། གོ་རིམ་འདི་བལྟས་ཚོད་ལ་སྟབས་བདེ་རུང་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོ་དགོས” སྒྲོལ་མ་ཚེ་རིང་གི་ལག་ནང་གི་སྙེ་མ་རྣམས་གསེར་མདོག་ནས་རིམ་བཞིན་དམར་སྨུག་ཏུ་གྱུར།

    “‘ལོ་གསར་མེ་ཏོག’ལ་སྔོན་པོ་དང་། ལྗང་ཁུ། དམར་སྨུག སེར་པོ་བཅས་ཚོས་གཞི་བཞི་ཡོད་པའི་ནང་ཚོས་སྔོན་པོ་རྒྱག་པར་དུས་ཚོད་རིང་ཤོས་འགོར་བ་མ་ཟད། ཚོས་ཟུག་ཁག་པོ་ཡོད་པས། དེར་སོ་སོས་ཚོས་སྙོམས་པོ་བྱུང་ཡོད་མེད་ལྟ་དགོས།

    བཟང་མོ་གྲོང་ཚོའི་ཡུལ་མིའི་ངོས་ནས་བརྗོད་ན། “ལོ་གསར་མེ་ཏོག”གིས་ཡོང་འབབ་བྱུང་བ་མ་ཟད། དེ་བས་སྲོལ་རྒྱུན་གྱི་རིག་གནས་བརྟན་སྲུང་དང་དེར་དགའ་ཞེན་བྱེད་པ་ཞིག་ཡིན།

    བཟོ་རྩལ་རྒྱུན་འཛིན།

    ལོ་ལྟར‘ལོ་གསར་མེ་ཏོག’བཙོངས་རྗེས་ང་ཚོས་ལོ་གསར་གྱི་མཁོ་ཆས་ཉོ་གི་ཡོད” འདི་ལོ་ལོ་61ལ་སླེབས་པའི་དབྱངས་ཅན་གྱི་ཁྱིམ་ལ་ཁྱོན་ནང་མི་5ཡོད་པ་དང‘ལོ་གསར་མེ་ཏོག’ནི་ཁོང་གི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིག་ཡིན། ཉིན་ལྟར་ཞོགས་པ་ཆུ་ཚོད་7པ་ཙམ་ལ་ཁོང་ཚོའི་ཁྱིམ་ཚང་གི་གློག་ཁྲ་ལྷ་མེར་སྤར་ཞིང་དབྱངས་ཅན་གྱིས་ཁྱིམ་དུ“ལོ་གསར་མེ་ཏོག”བཟོ་བ་དང་བཟའ་ཟླ་དང་བུ་མོས་ལྷ་སར་འཚོང་བར་བསྐྱོད་ཀྱི་ཡོད།

    “བྲིན་ཁ་རྒྱུག་པའི་སྐབས་སུ་ཉིན་གཅིག་ལ་སྒོར་1000ཙམ་ཟིན་གྱི་འདུག སྤྱིར་བཏང་གི་དུས་སུའང་སྒོར་500ཙམ་ཟིན་གྱི་འདུག” དབྱངས་ཅན་གྱིས་ཚོས་བརྒྱབ་མ་ཐག་པའི“ལོ་གསར་མེ་ཏོག”ལ་ཞིབ་མོར་ལྟ་བཞིན་འདུག དུས་ཡུན་རིང་པོ་ཚོས་བརྒྱབ་པའི་རྐྱེན་གྱིས་ཁོང་གི་ལག་པ་དང་ངོ་གདོང་ལ་ཚོས་འགོས་ཡོད་པ་རེད།

    དབྱངས་ཅན་གྱིས་ལོ་10ནས་བཟུང“ལོ་གསར་མེ་ཏོག”ལ་ཚོས་རྒྱག་རྩལ་སྦྱོང་འགོ་ཚུགས་པ་དང་ད་བར་ལོ་50ལྷག་ཙམ་སོང་ཡོད། ཁོང་གིས་གསར་འགོད་པར“ལོ་གསར་མེ་ཏོག”བཟོ་བར་ལོ་གཅིག་ཙམ་འགོར་གྱི་ཡོད་པས་ལས་ཀ་དེ་དཀའ་ལས་ཁག་པོ་ཡོད་མོད། འོན་ཀྱང་དེ་ནི་བཟང་མོ་གྲོང་ཚོའི་སྲོལ་རྒྱུན་གྱི་ལག་རྩལ་ཞིག་རེད། 2018ལོར“ལོ་གསར་མེ་ཏོག”ལ་ཚོས་རྒྱག་རྩལ་ལྷ་ས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། “ལག་རྩལ་འདི་མངོན་མིན་རིག་གནས་ཤུལ་བཞག་ལ་ཚུད་པར་ང་ཚོ་ཚང་མ་ཧ་ཅང་དགའ་པོ་འདུག་ལ་སྤོབས་པ་ཡང་ཆེན་པོ་སྐྱེ་གི་འདུག ང་ཚོའི་ངོས་ནས་བརྗོད་ན། དེ་ནི་ཡོང་འབབ་ཙམ་མིན་པར་དེ་བས་རྒྱུན་འཛིན་ཞིག་ཡིན། ང་ཚོས་ལག་རྩལ་འདི་ཕ་མའི་ས་ནས་སྦྱངས་པ་ཡིན། ད་ཆ་ང་ཚོ་རྒས་སྟབས་ཕྲུ་གུ་ཚོར་བསླབས་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་རྩིས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།