རི་ཀླུང་གངས་ཤུད་ལུས་རྩལ་པ་ཚེ་རིང་དགྲ་འདུལ་གྱིས་བརྗོད་དོན།
ཕུགས་འདུན་མངོན་འགྱུར་གྱི་ཕྱོགས་ལ་བརྩོན་པར་བྱེད་པ།
འདི་ནི་ཚེ་རིང་དགྲ་འདུལ་འགྲན་བསྡུར་ནང་ཞུགས་བཞིན་པ།
ཟླ་2ཚེས་12ཉིན་གྱི་དགོང་མོར། ཚེ་རིང་དགྲ་འདུལ་གྱིས་སྐད་འཕྲིན་གྲོགས་ཚོགས་ནང་སྐད་ཆ་དུམ་བུ་ཞིག་བསྐུར་ཡོད།
ཉིན་དེར་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་རི་ཀླུང་གངས་ཤུད་འགྲན་བསྡུར་གྱི་རྣམ་གྲངས་མཇུག་ཤོས་ཏེ། སྐྱེས་པའི་སྤྱི་ལེ་4×7.5ཡི་རྒྱུག་མཐུད་རྣམ་གྲངས་ནང་ཚེ་རིང་དགྲ་འདུལ་དང་རུ་གྲོགས་ལི་མིང་ལིན་དང་། པའོ་ལིན། ཝང་ཆང་བཅས་ལ་གསེར་གྱི་རྟགས་མ་རག་ཡོད།
ས་བབ་སྨི་4500ཡོད་པའི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་ཡིན་པའི་ཚེ་རིང་དགྲ་འདུལ་ཐུན་མོང་མ་ཡིན་པའི་ས་མཐོའི་གནམ་གཤིས་ཁོར་ཡུག་ནང་འཚར་ལོངས་བྱུང་བས། ས་བབ་མཐོ་བའི་ས་ཆར་འགྲན་བསྡུར་བྱ་རྒྱུ་དེ་ཁོང་གི་བྱང་ཆར་གྱུར་ཡོད།
གངས་ལྗོངས་ས་མཐོ་ནས་ཐོན་པའི་རི་ཀླུང་གངས་ཤུད་ཀྱི་བདམས་ཐོན་པ་དང་པོ་ཡིན་པའི་ཚེ་རིང་དགྲ་འདུལ་གྱིས་ཉིན་ལྟར་ཉུང་མཐར་ཡང་སྦྱོང་བརྡར་ཆུ་ཚོད་6བྱེད་པ་དང་། ཐག་རིང་ཤུད་བགྲོད་སྦྱོང་བརྡར་ཆུ་ཚོད་3ནས་4བར་བྱེད་ཀྱི་ཡོད། ལོ་ལྔ་ཙམ་རིང་གི་རི་ཀླུང་གངས་ཤུད་ལུས་རྩལ་གྱི་ཉམས་མྱོང་དང་ཚན་རིག་དང་མཐུན་པའི་སྦྱོང་བརྡར་ལས་ཁོང་གི་གངས་ཤུད་རྩལ་ནུས་ལ་ཡར་རྒྱས་ཆེན་པོ་སོང་། 2022ལོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཐོག་མར་ཞུགས་དུས་ཡིན་ནའང་འདྲ། ཡང་ན་2025ལོར་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སུ་རུ་གྲོགས་དང་མཉམ་དུ་བྱ་དགའ་བླངས་པ་གང་ཞིག་ཡིན་རུང་ཁོང་གི་ངོས་ནས་བརྗོད་ན། འཛམ་གླིང་རིམ་པའི་མི་སྣ་གྲགས་ཅན་མང་པོ་དང་མཉམ་དུ་གར་སྟེགས་གཅིག་ཏུ་འགྲན་བསྡུར་བྱེད་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པའི་བྱ་བ་ཞིག་རེད་སྙམ་གྱི་ཡོད།
“རྩལ་འགྲན་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ནི་རྒྱུན་ཆད་མེད་པར་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དེ་རེད། འགྲན་རའི་བང་རྩལ་ལ་ལོ་མང་གི་རྔུལ་ཆུ་འདུས་ཡོད། འགྲན་བསྡུར་དེ་དག་ལས་ངའི་ཉམས་མྱོང་དང་ཡིད་ཆེས་ཆེ་རུ་ཕྱིན་ནས་སླད་ཕྱིན་གྱི་འགྲན་སློང་ལ་ཁ་གཏད་དེ་བས་ཡག་པ་གཅོག་ཐུབ་ངེས་རེད”ཅེས་ཚེ་རིང་དགྲ་འདུལ་གྱིས་བརྗོད།
“སླད་ཕྱིན་ངས་མུ་མཐུད་རང་ངོས་འཐུས་ཚང་་དང་། སེམས་ཁམས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ཉམས་འགྱུར་བཟང་པོ་རྒྱུན་འཁྱོངས་བྱེད་ཀྱི་ཡིན། འབྱུང་འགྱུར་དེ་བས་ཆེ་བའི་གར་སྟེགས་ཐོག་བསྐྱོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཚེ་རིང་དགྲ་འདུལ་གྱིས་བརྗོད།