ཆུ་མོ་དྭངས་ཤིང་སྔོ་ལྗང་སྐྱེ་ཁམས་མཛེས།
བོད་ཀྱིས་ཆུ་བོ་དང་མཚོ་བཅོས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
འདི་ནི་ལྷ་ས་སྐྱིད་ཆུ་ཡིན་པ།
འདི་ནི་ལྷ་ས་སྐྱིད་ཆུའི་གྲམ་ངོགས་ཡིན་པ།
འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་ཀྱི་པིར་རྩལ་མཁན་པོའི་སོར་རྩེ་ལས་འཁྲུངས་པ་ལྟར་གྱི་ལ་ལྔ་མཚོ་ཡིན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་སྔོ་ཞིང་དྭངས་པའི་དགའ་ལུང་མཚོ་ཡིན་པ།
ཆུ་བོ་དང་མཚོ་ནི་སྐྱེ་ཁམས་མ་ལག་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཀྱི་ངོས་ནས། ཆུའི་ཐོན་ཁུངས་ཀྱི་གཞི་རྟེན་ཡིན་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཆུ་བོ་དང་མཚོ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་ལེགས་སུ་གཏོང་བ། ཆུའི་སྐྱེ་ཁམས་སླར་གསོ་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།
ཉེ་བའི་ལོ་འགའི་རིང་། ལྗོངས་ཡོངས་ཀྱི་ཆུ་བེད་སྡེ་ཚན་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་ལས་དོན་སྒྲུབ་སྟངས་གསར་གཏོད་ཀྱིས་ཆུ་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་ལ་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སླར་གསོར་སྐུལ་འདེད་ཧུར་ཐག་གཏོང་བ། ཆུ་གཞུང་ནས་བྱེ་མ་སྔོག་འདོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ཆུ་བོ་དང་མཚོ་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ས་མཐོའི་ཆུ་རྒྱུད་སྲུང་སྐྱོང་གི་སྲུང་ཡོལ་བརྟན་དུ་བཏང་བ།
2017ལོ་ནས་བཟུང་། བོད་དུ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ནན་ཏན་འཁུར་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཆུ་དཔོན་གྱི་འགན་འཁུར་བ། རང་སྐྱོང་ལྗོངས་རིམ་པའི་འགོ་ཁྲིད་22ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁུར་བ། ལྗོངས་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ཁྲི་1.47ཡིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད། མིག་སྔའི་བར་རིམ་པ་ཁག་གི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱིས་རིམ་རྩིས་བརྒྱབ་ན། ཆུ་བོ་དང་མཚོ་ལ་སྐོར་ཞིབ་ཐེངས་ཁྲི་138.9བྱས་པ་དང་ཆུ་བོ་སྐོར་ཞིབ་པ་ཁྲི་5.9ཡིས་ཆུ་བོ་དང་མཚོར་རྒྱུན་གཏན་གྱི་སྐོར་ཞིབ་དོ་དམ་དང་སྲུང་སྐྱོང་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་སྟར་ཆགས་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། ས་ཨུད་ཀྱི“12114”ཡི་ལས་ཀའི་བསམ་ཕྱོགས་དོན་འཁྱོལ་བྱས་ཏེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མཐུན་སྦྱོར་དང་། བཀོད་གཏོང་ལྟ་སྐུལ་མཛུབ་ཁྲིད། ཞིབ་བཤེར་དང་དཔྱད་ཞིབ་སོགས་ཀྱི་འགན་འཁྲི་གང་ལེགས་སྒྲུབ་པ་དང་། ཆུ་གྲོན་ཆུང་སྔོན་ལ་བྱེད་པ་དང་། ས་ཁོངས་དོ་མཉམ། མ་ལག་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་སྣོན་བཅས་ཀྱི་ཆུ་བཅོས་སྐྱོང་གི་བསམ་ཕྱོགས་མཐའ་འཁྱོངས་བྱས་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས“མིང་ཙམ”ནས“དངོས་སྒྲུབ”ཀྱི་ཕྱོགས་སུ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང“ཆུ་དཔོན་མཐོང་བ་ཙམ”ནས“བྱ་སྤྱོད་སྤེལ་བའི”བར་དང་དེ་ནས“ཕན་འབྲས་ཐོན་པའི”ཕྱོགས་སུ་བསྒྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།
“ཆུ་བོ་དྭངས་ལ་མཚོ་མོ་སྔོ་ཐིང་ཐིང་འགན་ལེན་བྱེད་རྒྱུ་དེ་ང་ཚོས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་འགན་འཁྲིའི་གསལ་ཐོ་གལ་ཆེན་གྱི་གྲས་སུ་གྱུར་ཡོད”ཅེས་མངའ་རིས་ས་ཁུལ་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མཁན་གྱིས་ངོ་སྤྲོད་བྱས་པ་རེད། མིག་སྔར་ས་ཁུལ་དེར་ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཆུ་དཔོན་དང་མཚོ་དཔོན་མ་ལག་ཆགས་ཡོད་པ་དང་། རིམ་པ་ཁག་གི་ཆུ་དཔོན་དང་མཚོ་དཔོན་གྱིས་འགན་འཁྲི་ཧུར་ཐག་བསྒྲུབས་པ། ཆུ་བོ་དང་མཚོ་དོ་དམ་སྲུང་སྐྱོང་གི་འགན་འཁྲིའི་འཁོར་འབྲེལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ། རྒྱུན་རྣམ་ཅན་གྱི་ཆུ་བོ་དང་མཚོ་སྐོར་སྲུང་ལས་དོན་སྤེལ་བཞིན་ཡོད།
ཆུ་བོ་དང་མཚོ་ཡི་སྐྱེ་ཁམས་སྲུང་སྐྱོང་འགན་ལེན་བརྟན་པོ་བྱས་པ།
རང་སྐྱོང་ལྗོངས་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བོ་འབྲིང་ཆུང་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཆུའི་ཐོན་ཁུངས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་གཞུང་ནས་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་བྱེད་མཁན་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། ཆུ་བོ་དང་འབྲེལ་བའི་འཛུགས་སྐྲུན་རྣམ་གྲངས་ལ་དོ་དམ་ནན་པོ་བྱེད་པ། བདེ་སྐྱིད་ཀྱི་ཆུ་བོ་དང་མཚོ་འཛུགས་སྐྲུན་ཤུགས་ཆེན་བྱེད་པ། རིམ་ཁག་ཆུ་དཔོན་དང་མཚོ་དཔོན་དང་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་འཁུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དེ“མིང་དང་འགན་འཁྲི་ཡོད་པ”ནས“ནུས་ལྡན་གོ་ཆོད”བར་སྐུལ་འདེད་བཏང་ཡོད།
གཞིས་རྩེ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་4ཚེས་1ཉིན་ནས་ཟླ་6ཚེས་30ཉིན་བར་གཞིས་རྩེ་གྲོང་ཁྱེར་གྱིས་དུས་ཡུན་ཟླ་བ་གསུམ་གྱི་ཆུ་གཞུང་ནས་ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་བྱེད་མཁན་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། “བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་ང་ཚོས་ཆུ་གཞུང་ནས་ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་བྱེད་པ་དེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་བོ་དང་མཚོ་ལ་སྐོར་ཞིབ་བྱེད་རིང་གི་གཙོ་གནད་དུ་བཟུང་སྟེ། རྫོང་དང་ཆུས་ཁག་ཏུ་མཐིལ་རྟོགས་གྲལ་བཤེར་ཐེངས་60ལྷག་ཙམ་བྱས་ནས་ཁྲིམས་སྒྱུར་བ་མི་ཐེངས་300ལྷག་ཙམ་བཏང་ཡོད། ལས་སྟེགས་མང་པོར་བཅོས་སྒྲིག་གི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་མ་ཟད། གྲོང་ཁྱེར་དང་རྫོང་གི་མཉམ་འགུལ་གྱིས་སྐོར་ཞིབ་བྱེད་ཚད་མང་དུ་བཏང་ནས་ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་གྱི་བྱེད་སྤྱོད་ཁག་15རྩད་གཅོད་ཐུབ་པ་དང་། འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་11.5ལྷག་ཙམ་གཞུང་བཞེས་དང་སྒོར་ཁྲི་4ཡི་དངུལ་ཆད་བཅད་དེ་ཆུ་ལམ་ནས་ཁྲིམས་འགལ་གྱིས་བྱེ་མ་སྔོག་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཆུ་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཡོད”
ཆབ་མདོ་གྲོང་ཁྱེར་ནི་བོད་ཀྱི་ཤར་རྒྱུད་དུ་གནས་ཤིང་། དེ་གར་གཙང་པོ་དང་ཆུ་བོ་ཆེན་པོ་མང་པོ་ཡོད་པས་ཆུ་གཞུང་ནས་བྱེ་མ་སྔོག་འདོན་ལ་དོ་དམ་བྱེད་པའི་ཐད་རྙོག་དྲ་ཧ་ཅང་ཆེན་པོ་ཡོད་པ་སྟེ། ཁྲོན་བོད་ལྕགས་ལམ་དང་། རྫ་ཆུའི་དུམ་བུའི་ཆུ་འགྲམ་གྱི་གཞུང་ལམ་སོགས་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ལ་ཆུ་གཞུང་ནས་བྱེ་མ་སྔོག་པ་དང་། ཆུ་བོ་དང་འབྲེལ་བའི་ཞིབ་བཤེར། ཆུའི་ཐོན་ཁུངས་རིགས་པས་ཁུངས་སྐྱེལ་བྱེད་པ། ས་ཆུ་སྲུང་འཛིན་གྱི་ཞིབ་མཆན་སོགས་དུས་འགོའི་ལས་ཀར་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་དང་ཆབས་ཅིག ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་དེ་གྲོང་ཨུད་ཏང་སློབ་གྲྭའི་སྐྱེ་ཁམས་ཤེས་དཔལ་གྱི་ཆེད་དོན་གསོ་སྦྱོང་གི་ནང་དོན་ནང་བཅུག་ནས་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་ཆུ་བོ་དང་མཚོ་དོ་དམ་སྲུང་སྐྱོང་དང་ཁྲིམས་སྒྱུར་ལྟ་འདོམས་སོགས་ཀྱི་ལས་སྒོའི་གསོ་སྦྱོང་ནང་ཞུགས་སུ་བཅུག་ཡོད།
གསོན་ཉམས་དོད་པོས་ས་མཐོའི་ཆུའི་རིག་གནས་གྲོང་ཁྱེར་བཏོད་པའི་ལག་ལེན།
ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་ཆུའི་རིག་གནས་གྲོང་ཁྱེར་གཏོད་དེ། ལྷ་ས་སྐྱིད་ཆུར་དམིགས་ནས་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གྲྭ་རབ་དང་རིམ་པ་སྤེལ་ཡོད།
2013ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཏེ། ལྷ་ས་སྐྱིད་ཆུའི་གྲོང་ཁུལ་གྱི་བར་རྒྱུད་དུམ་བུའི་སྤྱི་ལེ་20ཡི་ཁྱབ་ཁོངས་སུ་འཕྲེད་འགོག་ཆུ་སྒོའི་ལས་གྲྭ་ཁག་6འཆར་འགོད་འཛུགས་སྐྲུན་བྱས་པར་ཆུ་བོའི་བཞུར་ཚད་སྙོམས་སྒྲིག་ནུས་ལྡན་བྱས་པ་མ་ཟད། ཆུ་འགྲམ་གྱི་སྔོ་འགྱུར་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་ཡང་བྱས་ཡོད། ལས་གྲྭར་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་སྤྱི་ལེ་20ཙམ་གྱི་སྔོ་ལྗང་ཁུལ་རིམ་བཞིན་ཆགས་ནས་གྲོང་ཁྱེར་གྱི་བཀྲག་མདངས་འཚེར་བའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།
2019ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་ལས་གྲྭ་སླར་ཡང་སྤེལ་འགོ་ཚུགས་ཤིང་། ཆུ་ངོགས་སྲུང་ས་7ལ་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་པ་དང་། གཙང་འགྲམ་སྤྱི་གླིང་དང་། ལྷོ་རིའི་སྤྱི་གླིང་། ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་སོགས་ལེ་ལག་ཚང་བའི་གཙང་འགྲམ་སྐྱེ་ཁམས་མཛེས་ལྗོངས་སྔ་རྗེས་སུ་བསྐྲུན་ནས་སྔོ་ལྗང་རྒྱ་ཁྱོན་མུའུ་3052བར་རྒྱ་ཆེར་བཏང་ཡོད།
ལྷ་ས་གྲོང་ཁྱེར་གྱིས་ད་དུང་ལྟེ་བའི་གྲོང་ཁུལ་གྱི་ཆུ་གཞུང་སླར་གསོ་དང་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭ་ལག་ལེན་ཧུར་ཐག་བསྟར་ཏེ། ཆུ་གཞུང་ཉམས་གསོ་བཅོས་སྐྱོང་བྱས་པའི་ལམ་ཐག་སྤྱི་ལེ་53.1ཟིན་པས་ཆུ་གཞུང་དུ་བཙོག་ཆུ་ཐད་ཀར་བཞུར་བ་ཕྱོགས་ཡོངས་ནས་མེད་པར་བཟོས་ནས་གྲོང་ཁྱེར་གྱི་ཆུའི་མཛེས་ལྗོངས་དང་སྡོད་མལ་ལ་འཚམ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།
ད་ཆ་ལྷ་ས་སྐྱིད་ཆུ་དང་འདྲ་བར་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་བྱས་པ་བརྒྱུད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ནག་ཆུ་གྲོང་ཁྱེར་གྱིས་ཆུ་བོ་དང་མཚོ་ཡི“ཟང་ཟིང་བཞི་གཙང་སེལ་བྱེད་པའི”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་བས་ཕ་ཆུའི(ལྷ་རི་ཆུ)དེ་སྔའི་མཛེས་ལྗོངས་སླར་ཡང་མངོན་པ་དང་། ལོ་ངོ་40ལྷག་ཙམ་གྱི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བྱས་པ་བརྒྱུད་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་ཆུ་གཞུང་དུ་“སྔོ་ལྗང་ཁྱམས་རིང”ཆགས་པ། ཆབ་མདོ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་དང་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཀྲོའུ་སོགས་ཁྱིམ་མཚེས་ས་ཁུལ་དབར་མཉམ་འགོག་དང་། མཉམ་འཛིན། མཉམ་བཅོས་བཅས་ཀྱི་གྲོས་མཐུན་བཞག་ནས་ས་མཚམས་ལས་བརྒལ་བའི་ཆུ་བོ་དང་མཚོར་མཉམ་འབྲེལ་སྐོར་ཞིབ་བྱས་ཏེ་རྫ་ཆུ་དང་འབྲི་ཆུ་སོགས་ཆུ་ཁོངས་ཀྱི་སྐྱེ་ཁམས་སྔར་ལྟར་སླར་གསོ་ཐུབ་ཡོད།